ང་དང་སྙན་ངག་བར་གྱི་ལས་འབྲེལ།

གཞི་ཚང་ཟླ་བ་གྲགས་པ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-14


གལ་ཏེ་སྙན་ངག་འདི་ནི་འཇའ་ཞིག་ཡིན་ན།།


 མཐའ་མེད་སྔོ་བསངས་ནམ་མཁའི་དབྱིངས་ཀློང་དེ་ནས།།


 སྣ་ལྔའི་ལྟད་མོ་དང་བཅས་ལྷམ་མེར་གསལ་ཏེ།།


 སྡུག་གི་སྤྲོས་པ་སྟོང་བའི་དགའ་བདེ་འགྱེད་དུས།།


 མཐིང་སྨུག་སྦྲ་གུར་འཁྲིས་ཀྱི་བྱིས་པ་སྣབས་ལུག།


 འཇའ་ཚོན་རྩེད་ཆས་མོས་པའི་ང་རང་ཡིན་སྲིད།།


 ཕ་དང་ཨ་ཁུའི་གཏམ་ལ་མཐའ་གཉིས་སྤངས་ཏེ།།


 སྤང་དང་ཆུ་མོ་བརྒལ་ཞོར་ཡར་མར་འདུར་དུས།།


 རྔུལ་ཆུ་གདོང་ནས་དཀུ་ཡང་གོམ་འགྲོས་མི་དལ།།


 དཀར་པོ་ནམ་མཁའི་སྤྲིན་དང་རི་ཟོམ་ན་བུན།།


 གཉན་པོ་རླུང་ལ་དབང་བས་འདུན་པ་མི་འཆོར།།


 ནམ་ཞིག་ལག་པས་མ་ཟིན་དབྱིངས་སུ་ཡལ་ཏེ།།


 སྲོག་གི་རྒྱུན་ཐག་འདིས་ཀྱང་ནུབ་རིར་འཁྱུད་ནས།།


 འབྲོ་ས་གབ་ཐབས་མེད་པར་ལྔ་ལམ་འདྲུད་དུས།།


 བག་མེད་སྦྱོར་བ་མཆིས་ན་བཏང་སྙོམས་དོར་བཞག།


 ཐབས་རྡུགས་མིག་ཆུ་མི་གཏོང་རང་ལམ་རང་འཐད།།


 གལ་ཏེ་སྙན་ངག་འདི་ནི་ནོར་ཞིག་ཡིན་ན།།


 རི་ཀློང་མང་པོས་བསྐལ་བའི་རྒྱང་རིང་ཞིང་ནས།།


 གསེར་དངུལ་མུ་ཏིག་འོད་ཟེར་ལམ་ལམ་འཕྲོ་བཞིན།།


 བྱིན་ཆགས་ཕྱྭ་གཡང་དཔལ་གྱིས་ཚུ་རོལ་འབྲིད་དུས།།


 མཚོ་རླབས་ཡོམ་ཡོམ་སྐྱོམ་པའི་རླབས་ཕྲེང་ངོགས་ཀྱི།།


 གདོང་མཆོང་གྲུ་པ་ཆུང་ཆུང་ང་རང་ཡིན་སྲིད།།


 གཟིངས་འཐོར་མཚོ་མོར་ནུབ་པའི་འཇིགས་པ་བསྐྱུར་ཏེ།།


 རླབས་ཀྱི་ལམ་འཕྲང་རེ་རེ་ཕར་ཕར་བརྒལ་དུས།།


 མཚོ་ཇག་ཆུ་སྲིན་འཕྲད་ན་སྔོན་མའི་ལས་ཡིན།།


 སྤྲིན་སྟེང་ཉི་འོད་ལྡེ་བའི་བྱ་ཁྱུང་ལས་དབང་།།


 མཚན་དཔེའི་གཟི་བྱིན་འབར་ཡང་རེ་ཞིག་མི་དབང་།།


 ཤུགས་དྲག་མོས་པས་དཀའ་བ་སྲོག་དང་བསྡོས་ནས།།


 མི་ཡུལ་འགྲིམས་པའི་དོན་པོར་རང་གི་ནུས་པས།།


 རིན་ཆེན་གླིང་ནས་གཡུ་ཆུང་རུམ་གང་བཏུས་ཏེ།།


 གངས་དཀར་ལྷ་མོ་སྒེག་པའི་རྒྱན་ཆར་ཡོང་ན།།


 གཤིན་རྗེའི་བཀའ་ཆད་ཕོགས་ཀྱང་ཧ་རྒོད་བྱ་ཆོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1