ཕྱི་ཡི་སྣོད་ལ་སྔ་བ་གངས་དཀར་པོ་རྡོ་རྗེ་རྩེ་དགུའི་ལྗོངས། །
ནང་གི་བཅུད་ལ་སྔ་བ་འགྲོ་རིགས་དྲུག་སེམས་ཅན་གྲངས་མེད་འཁྲུངས། །
བར་གྱི་དུས་ལ་སྔ་བ་ཚོགས་སྐལ་པ་རྫོགས་ལྡན་ཉི་གཞོན་འཛུམ། །
གདོད་མའི་ཡུལ་ལ་སྔ་བ་གནས་ཆེན་པོ་ཡར་མོ་ཀླུང་ཆེན་ཆགས། །
གོ་ལ་འདི་ན་གྲགས་ཆེན་་གནས་ཆེན་པོ་སྤུར་རྒྱལ་བཙན་པོའི་གཞིས། །
འཛམ་གླིང་འདི་ཡི་ཡང་རྩེ་ས་ཆེན་པོ་ཆོས་ལྡན་དག་པའི་ཞིང་། །
མགོ་ནག་མི་ཡི་འབྱུང་ཁུངས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའི་མཁར། །
དུས་ཀྱི་རླབས་ན་འཕྱོ་བའི་ཡུལ་ཆེན་པོ་གནས་མཆོག་ཡར་མོ་ཀླུང་། །
སྤོ་བོའི་ཕོ་རྒོད་གཉའ་ཁྲི་རི་མཐོན་པོ་ལྷ་རི་གྱང་མཐོར་བབས། །
བློ་རིག་རྣམ་བཀྲའི་སྐྱེས་བུས་བློ་མཛངས་པ་གཉའ་བའི་ཁྲི་རུ་བཏེགས། །
དཔའ་མཁས་རྟུལ་ཕོད་ཆེ་བས་བོད་ཀ་གཡག་དྲུག་གི་རྗེ་བོར་བཀུར། །
སྤུར་རྒྱལ་བཙན་པོའི་མཚན་སྙན་གནས་ཕྱུག་མོ་བཙན་ཐང་སྒོ་བཞིར་བཞག །
སྲིད་འབྱོར་གཉིས་ཀྱི་གཙུག་གནས་མཁར་ཆེན་པོ་ཡུམ་བུ་བླ་མཁར་བཞེངས། །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡུལ་ཆེན་པོ་ཡར་ཀླུང་གཞུང་ལ་ཁྱབ། །
མངའ་འབངས་དད་ལྡན་སེམས་པ་སྒུག་མི་དགོས་རང་བཞིན་ལྷུན་གྲུབ་ཅན། །
སྲིད་པའི་སྤོ་ན་འགུལ་བའི་གནས་གྲགས་ཅན་ཡར་མོ་ཀློང་དུ་བྱུང་། །
སྲིད་པའི་ལྷ་རི་ཁྱད་འཕགས་རི་མཐོན་པོ་ཡར་ལྷ་ཤམ་པོ་འགྱིང་། །
དྭངས་གཙང་ཆུ་མོའི་འགོ་ཁུངས་ཆུ་ཆེན་པོ་ཡར་ཆབ་གཙང་པོ་བཞུར། །
གཙུག་ལག་རིག་པའི་བསྟི་གནས་དགོན་ཆེན་པོ་བསམ་ཡས་མི་འགྱུར་གླིང་། །
གནའ་གཏམ་སྟོང་ཕྲག་ཀློང་གི་ས་ཆེན་པོ་ཡར་མོ་ཀླུང་ན་ཆགས། །
བོད་རྒྱལ་ཉེར་བརྒྱད་གཉན་བཙན་མི་མཛངས་པ་ལྷ་ཡི་སྲས་འདྲ་འཁྲུངས། །
གཉན་པོ་གསང་བ་ཞེས་བྱའི་ཆོས་པོ་ཏི་མཁར་གྱི་རྟེན་ལ་སྦས། །
བོད་ཡུལ་མུན་པའི་གླིང་ལ་ཆོས་བསྟན་པའི་དབུ་ཁ་གསོལ་བར་མཛད། །
དེ་ལྟར་བསྟན་པའི་རྨང་ཡང་གནས་མཆོག་གྱུར་ཡར་མོ་ཀླུང་ནས་དར། །
སྔོན་བྱོན་མེས་པོའི་རྣམ་ཤེས་གནས་ཁྱད་ལྡན་འདི་ཡི་ལྗོངས་སུ་ཁྱབ། །
ཕྱི་རབས་རེ་བའི་རྒྱང་གཟིགས་མཁར་ཡུམ་བུའི་རྒྱ་ཕིབས་འོད་ལ་བཅེར། །
ཡར་ཀླུང་རྟེན་གསུམ་མཇལ་བཞིན་ལས་སྡིག་པའི་སྒྲིབ་པ་སྦྱོང་བར་བྱེད། །
གནས་བཟང་ཤེལ་བྲག་མཐོང་དུས་ཡིད་དད་པའི་སྤུ་ལོང་རབ་ཏུ་གཡོ། །
བྲག་རིའི་གཏོས་དང་མཉམ་པའི་གསུང་པོ་ཏིའི་བདུད་བརྩི་དེ་རུ་འཁྱིལ། །
ངུར་སྨྲིག་རྒྱལ་མཚན་མཐོན་པོ་དཔལ་མི་འགྱུར་བསམ་ཡས་གླིང་དུ་བྱུང་། །
མདོ་སྔགས་ཆོས་ཀྱི་བསྟན་པ་ནུབ་མི་དགོས་སྲིད་པའི་སྤོ་རུ་འགྲེངས། །
ཐུབ་བསྟན་རིག་པའི་གནས་མཆོག་ཞིང་དག་པ་ཡར་མོ་ཀླུང་ནས་བྱུང་། །
གྲོ་ནས་སྲན་གྱི་ཐོན་ཁུངས་ཞིང་ཐོག་མར་སྦ་རས་ཞིང་ཐང་བྱུང་། །
བྱམས་སེམས་རྒྱུད་ལ་འཁྲུངས་པའི་སྤྲེའུ་མང་པོའི་ཁ་བཟས་དེ་རུ་རོལ། །
རྫོགས་མེད་གླེགས་བམ་བཀླགས་སའི་ས་སྐྱིད་པོ་ལྔ་རིག་གླིང་ལྗོངས་ནས། །
གནས་ཆེན་ཡར་ཀླུང་འབྲི་དུས་ཡང་ཤིག་སེ་སྨྱུག་ཁར་བདེ་བ་སྦྱིན། །