ཕ་ཡུལ་གྱི་སྦྲ་གུར་ནང་ན།
འོ་ཟེའུ་དང་འོ་འཁོར་གྲོགས་སུ་བསྟེན་ནས།
ལོ་ཟླའི་གོམ་འགྲོས་རིང་མོར།
ལག་བརྡ་དང་གྱེས་ཕྱག་མང་ནས་མང་དུ་ཕུལ།
དེ་དག་ཡོད་ཚད་དུ།
ཁྱེད་ཀྱི་གཟུགས་རིས་སུ་མངོན་ལ།
དེ་དག་ཡོད་ཚད་ནི།
ཁྱེད་ཀྱི་གཤིས་ཀ་ན་གསལ།
དེ་རིང་། ངས་ངག་སྒོ་བསྡམས་ནས་ཡོད་དེ།
ཡོད་ཚད་སྡེ་མི་དང་གང་ཟག་གཞན་དག་གིས་སྨྲ་བར་བྱ།
ལ་མོའི་རྒྱབ་ཕྱོགས་ཀྱི་ཨ་ཕོ་ལུག་རྫི་དེས་སྨྲ་བར་བྱ།
རྒྱུ་མཚན། དུས་རབས་ཀྱི་སྒྱུ་འཕྲུལ་ཁྲོད་ནས།
འཕུར་བཞིན་པ་དང་འཆམ་བཞིན་པ།
ཉལ་ཡོད་པ་དང་ལངས་ཡོད་པ།
སོ་སོ་ལ་རང་རང་གི་ནམ་མཁའ་རེ་ཡོད་པས་སོ།
དགོང་མོ་དེར།
འོད་སྣང་ཞན་མོད་ཚེ་སྲོག་གི་ལང་ཚོར་སྟོབས་རྒྱས་པའི།
མར་མེ་དེའི་གྲིབ་གཟུགས་འོག །
རྒས་ཉམས་ཀྱི་ལོ་ཟླ་གསལ་མོད།
ངག་སྒོའི་བརྗོད་པ་ཐ་དག་ལ་གཟབ་ནན་གྱི་ལྟ་ཚུལ་འཁྱུད་པའི།
འཇིག་རྟེན་གྱི་མ་འོངས་པའི་མ་ཡུམ་དེ།
ཟླ་བ་འདི་དལ་གྱིས་འདས་ཟིན་ན།
ང་ཚོས་མེ་ཏོག་གིས་སྤྲོ་གར་འཆམ་པའི་རྩྭ་ཐང་དེ་ནས།
ང་ཚོས་ཕྱེ་ལེབ་ཀྱིས་འཕུར་རྩལ་ངོམ་པའི་ལྡུམ་རྭ་དེ་ནས།
ཅོ་བྱང་སྐར། (ཁྲེང་ཏུའུ།)