ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ གྲོས་ཚོགས་ཐོག་གི་གསུང་བཤད། (2021ལོའི་ཟླ་10ཚེས་13ཉིན།)

ཞི་ཅིན་ཕིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-14


ད་ལོ་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡིན། ལོ་ངོ་100ཡི་ཡར་སྔོན་དུ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པ་ནས་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད་པ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་མངོན་འགྱུར་ཡོང་ཆེད་འཚོལ་ཞིབ་དང་འབད་བརྩོད་ལྷོད་མེད་བྱས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་གནས་གཞི་ཁུལ་དུ་མི་དམངས་སྲིད་དབང་བཙུགས་ནས་ཆབ་སྲིད་ལམ་ལུགས་གསར་པ་འཛུགས་པའི་ཐད་དུ་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱས་ཡོད། ལག་ལེན་ཐོག་ནས་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་ཐོག་ནས་བསམ་གཞིག་བྱས་མཐར། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལག་ལེན་བསྟར་རྒྱུའི་དགོངས་པ་བཏོན་པ་རེད། 1945ལོའི་ཟླ་4པར། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “དམངས་གཙོའི་རིང་ལུགས་གསར་པའི་སྲིད་དབང་གི་རྩ་འཛུགས་ནང་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་འཚོགས་ཏེ་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ་གཏན་འབེབས་དང་སྲིད་གཞུང་འདེམས་བསྐོ་བྱེད་དགོས། དེ་ནི་དམངས་གཙོ་ཡིན་ལ་གཅིག་སྡུད་ཀྱང་ཡིན། གསལ་པོར་བཤད་ན། དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་། གཅིག་སྡུད་ཀྱི་སློབ་སྟོན་འོག་གི་དམངས་གཙོ་ཡིན། ལམ་ལུགས་དེ་ལག་བསྟར་བྱས་ན་གཞི་ནས་དམངས་གཙོ་ཁྱབ་ཆེན་པོ་ཞིག་མཚོན་པར་བྱས་ཏེ་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་དབང་ཆ་ཆེ་ཤོས་ཡོད་པ་བྱེད་ཐུབ་ལ། གཅིག་སྡུད་ཀྱི་སྒོ་ནས་རྒྱལ་དོན་ཐག་གཅོད་བྱས་ཏེ་རིམ་པ་སོ་སོའི་སྲིད་གཞུང་གིས་གཅིག་སྡུད་ཀྱི་སྒོ་ནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མངགས་བཅོལ་བྱས་པའི་ལས་དོན་ཚང་མ་ཐག་གཅོད་བྱེད་པ་དང་འབྲེལ་མི་དམངས་ལ་ངེས་པར་དུ་དགོས་པའི་དམངས་གཙོའི་བྱེད་སྒོ་མཐའ་དག་འགན་ལེན་ཡང་བྱེད་ཐུབ་ཀྱི་རེད།”


 དུས་ཡུན་རིང་པོར་ཁྲག་བཏོན་དམར་འཛིང་དང་དཀའ་སྤྱད་འཐབ་རྩོད་བྱས་མཐར། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་འགྲུབ་བྱས་ལ། མི་དམངས་དུང་ཕྱུར་མང་པོ་ཡར་ལངས་བྱུང་ཞིང་བདག་པོ་བྱེད་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པ་རེད། 1954ལོའི་ཟླ་9པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ལ་གྲོས་འཆམ་བྱུང་ལ། དེས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཞེས་པའི་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དངོས་སུ་བཙུགས་པ་མཚོན་ཡོད།


 སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོའི་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་པ། རང་རྒྱལ་གྱི་འདེམས་བསྐོའི་ལམ་ལུགས་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལམ་ལུགས་མ་ལག གཞི་རིམ་དམངས་གཙོའི་ལམ་ལུགས། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་ལས་དོན་གྱི་གྲོས་མོལ་སྒྲིག་སྲོལ་བཅས་རྒྱུན་ཆད་མེད་པར་འཐུས་ཚང་བཏང་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།


 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་གནས་ཕྱོགས་གསར་པར་གཞི་ཚུགས་ཏེ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་བྱུང་བའི་འཕོ་འགྱུར་གསར་པ་ཁོང་དུ་ཟབ་མོར་ཆུད་པ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་ཐད་ཀྱི་བླང་བྱ་གསར་པ་དང་རེ་འདུན་གསར་པར་ཨ་ལན་ཧུར་ཐག་སློག་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་བཏང་བ། གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལེགས་སྒྱུར་བྱས་པ་བཅས་ཀྱི་ཐོག་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཏོད་ཡོད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་ཆགས་བྱུང་ཡོད།


 ལོ་ངོ་60ཡི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་གི་རིང་ལ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་མགྱོགས་པོའི་ངང་འཕེལ་རྒྱས་བྱུང་བའི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་བྱུང་བའི་ངོ་མཚར་བཏོད་པར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ཡོད།


 ལག་ལེན་ལས་ར་འཕྲོད་བྱུང་ཡོད་པ་ནི། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དངོས་ཡོད་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཁྱིམ་རང་བདག་ཡོང་བ་ཁག་ཐེག ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་འགན་སྲུང་བཅས་བྱེད་པའི་ལམ་ལུགས་ཡག་པོ་ཡིན་པ་དང་། ང་ཚོའི་ཏང་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བཏོད་པའི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་ཐོག་གི་གསར་སྐྲུན་རླབས་པོ་ཆེ་ཞིག་ཡིན་ལ། རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་ཐོག་ཏུའང་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་ཀྱང་ཡིན།


 མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་དང་འཚམ་མཐུན་ཡོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་མདུན་དུ་བསྐྱོད་ཐུབ་པ་འགན་ལེན་ནུས་ལྡན་བྱས་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་རྒྱུ་རྒྱུན་འཁྱོངས་དང་། ཚད་ཆེ་ཤོས་ཀྱི་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གསུམ་གཅིག་གྱུར་དམ་ཚགས་ཡོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་དེ་ཆགས་འཇིག་དར་རྒུད་ཅི་ཡོང་གི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་བརྒལ་ཐུབ་པ་འགན་ལེན་ནུས་ལྡན་བྱས་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་གནད་ཆེའི་ཆབ་སྲིད་ཀྱི་འབྲེལ་བ་རབ་དང་རིམ་པ་ཐག་གཅོད་ཡང་དག་བྱས་པ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་དང་གོ་ཆོད་ངང་བྱ་གཞག་ཁག་རྩ་འཛུགས་བྱ་རྒྱུ་མངོན་དུ་སྒྱུར་བ། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ལ་བརྟན་བརླིང་དང་སྒྲིག་ལམ་ལྡན་པ་འགན་ལེན་ནུས་ལྡན་བྱས་ཡོད།


 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་འཆར་འགོད་བྱས་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བརྩམས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་ནི། གཙོ་བོར་གཤམ་གསལ་གྱི་ཕྱོགས་འགའ་ཡོད།


 གཅིག་ནི་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། ཏང་གིས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་ལས་དོན་ནང་ཕྱོགས་ཡོངས་དང་གོ་ཆོད་ངང་ལག་བསྟར་ཐུབ་པ་འགན་ལེན། རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཧུར་བརྩོན་རང་འགུལ་དང་། རང་ཚུགས་ཀྱིས་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་ཐོག་ནས་ལས་ཀ་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གི་འདོད་བློ་དག་ཁྲིམས་བཀོད་ལས་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདུན་པར་སྒྱུར་མཁས་པོ་དང་། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་གང་དེ་ཁྲིམས་བཀོད་ལས་རིམ་བརྒྱུད་དེ་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་སྒྱུར་མཁས་པོ། རྒྱལ་ཁབ་སྲིད་དབང་ལས་ཁུངས་ལ་བརྟེན་ནས་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱ་རྒྱུ་ལག་བསྟར་བྱེད་མཁས་པོ་བཅས་བྱེད་པའི་ཐོག་ནས། ཏང་དང་རྒྱལ་ཁབ་ཀྱི་དབང་གྲགས་སྲུང་སྐྱོང་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།


 གཉིས་ནི་ངེས་པར་དུ་ལམ་ལུགས་ཀྱི་མ་ལག་སྤྱད་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། མི་དམངས་ལྟེ་བར་འཛིན་བ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན། དམངས་གཙོའི་ལམ་ལུགས་འཐུས་དུ་ཚང་གཏོང་བ། དམངས་གཙོའི་རྣམ་པ་ཕུན་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད། མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་འགྲོ་བའི་ཁེ་དབང་འགན་ལེན། སྔར་བས་ཁྱབ་རྒྱ་ཆེ་བ་དང་། སྔར་བས་མཐར་ཕྱིན་པ། སྔར་བས་འཐུས་སྒོ་ཚང་བ་བཅས་ཀྱི་གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།


 གསུམ་ནི་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ལས་དོན་ཁག་སྐུལ་འདེད། སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་། མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྲིམས་སྐྱོང་ཅན་དུ་མངོན་འགྱུར་བྱེད་དགོས།


 བཞི་ནི་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་གཅིག་གྱུར་ཐོག་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དམངས་གཙོའི་ཐོག་འདེམས་བསྐོ་བྱས་ནས་ཐོན་རྒྱུ་དང་། དེས་མི་དམངས་ལ་འགན་འཁྲི་འཁུར་རྒྱུ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། རིམ་པ་ཁག་གི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་ཐོན་རྒྱུ་དང་། དེ་དག་གིས་མི་དམངས་འཐུས་ཚོགས་ལ་འགན་འཁྲི་འཁུར་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ལུགས་མཐུན་གྱི་ལས་བགོས་ཡོད་ལ་ཕན་ཚུན་མཐུན་སྦྱོར་ཡང་ཡོད་པ་ལག་བསྟར་དང་། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་བཀོད་ཀྱི་དབང་མཚམས་དང་ལས་རིམ་ལྟར་འགན་དབང་སྤྱོད་པ་དང་འགན་འཁྲི་སྒྲུབ་རྒྱུ་འགན་ལེན། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཐོག ས་གནས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱིས་གཅིག་གྱུར་དང་གོ་ཆོད་ངང་བྱ་གཞག་ཁག་རྩ་འཛུགས་དང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བཅས་བྱེད་དགོས།


 ལྔ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་དུ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ལ། སྲོག་ཤིང་དུ་གྱུར་པ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་དུ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་པ་དང་། དེས་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པ་འགན་ལེན་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་དགེ་མཚན་ཅན་གྱི་གྲུབ་འབྲས་དཔེ་ལྟ་བྱེད་ཆོག་མོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་འདྲ་བཤུ་གཏན་ནས་བྱེད་མི་རུང་།


 དྲུག་ནི་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན་དང་ལས་རིམ་ཅན་དུ་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པར་བཅོས་སྐྱོང་ཕན་འབྲས་སུ་བསྒྱུར་དགོས།


 ད་ལྟའི་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ལམ་ལུགས་ཀྱི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་ལ། ལམ་ལུགས་ཀྱི་དགེ་མཚན་ནི་རྒྱལ་ཁབ་ཅིག་གིས་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པའི་དགེ་མཚན་གལ་ཆེན་ཞིག་ཡིན། ལོ་རྒྱུས་དང་དོན་དངོས་ལས་གསལ་པོར་བསྟན་དོན། ལམ་ལུགས་བརྟན་ན་རྒྱལ་ཁབ་བརྟན་པོར་གནས་པ་དང་། ལམ་ལུགས་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པ་ཚང་མའི་ཐོག་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས་པའི་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་དུ། ང་ཚོས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་འཐུས་ཚང་གཏོང་དགོས་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།


 དང་པོ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱེད་དགོས། གནའ་མིའི་བཤད་རྒྱུན་དུ་“ཁྲིམས་ནི་རྒྱལ་ཁབ་ཀྱི་ཡང་ལྕི་ཚད་པའི་རྒྱ་མ་དང་། སྤྱི་ཚོགས་ཀྱི་ཡོ་བ་སྲོང་བའི་ཚངས་ཐིག་རེད་དོ། །” ཞེས་པ་ལྟར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བར་གྱུར་པའི་བཅའ་ཁྲིམས་ཡིན་པ་དང་། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་སུ་མཚོན་ཡོད་དེ། དེར་བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་མཐོ་ཤོས་ལྡན་ཡོད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་དབང་གྲགས་སྲུང་སྐྱོང་བྱེད་པ་རང་ཡིན་པ་དང་། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་ལ་རྒྱ་སྲུང་སྐྱོང་བྱེད་པ་རང་ཡིན་ལ། རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བ་འགན་ལེན་བྱེད་པ་རང་ཡིན་ཞེས་ངས་ཐེངས་མང་པོ་ནན་བཤད་བྱས་མྱོང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་ཡོད་ཚད། སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ་ཁག ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་ཉིད་རྩ་བའི་བྱ་སྤྱོད་སྤེལ་བའི་ཚད་གཞིར་འཛིན་དགོས་པ་མ་ཟད། ད་དུང་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་ལས་འགན་འཁུར་དགོས། རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་བདའ་འདེད་དང་ཡོ་བསྲང་བྱེད་དགོས།


 བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གོ་གནས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་ལམ་ལུགས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཡིན་ལ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱའང་ཡིན། རྩ་ཁྲིམས་ཉིད་རྩ་བའི་བྱ་སྤྱོད་སྤེལ་བའི་ཚད་གཞིར་འཛིན་པ་དང་། ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པ་དང་མ་ལག་ཆ་ཚང་བའི་ལམ་ལུགས་ཀྱི་མ་ལག་སྤྱད་དེ་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན། རྩ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་དངོས་གནས་སྲུང་སྐྱོང་བྱེད་དགོས། ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་དགོས་ན། ཏང་རང་ཉིད་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་དུ་བྱ་སྤྱོད་སྤེལ་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ལྟ་ཞིབ་ཨུ་ལྷན། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཚང་མས་གཟབ་ནན་གྱི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཧུར་བརྩོན་རང་འགུལ་དང་། རང་ཚུགས་ཀྱིས་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་སྒོ་ནས་ལས་ཀ་སྒྲུབ་དགོས།


 རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལམ་ལུགས་དང་། རྩ་དོན། སྒྲིག་སྲོལ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྩ་ཁྲིམས་དང་མཐུན་མིན་ལ་ཞིབ་བཤེར་བྱེད་པ་དང་ཐོ་འགོད་ཞིབ་བཤེར་བྱེད་པའི་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་དང་། རྩ་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རྩ་ཁྲིམས་འགྲེལ་བཤད་སྐོར་གྱི་ལས་རིམ་དང་ལམ་སྲོལ་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་དོ་ཁུར་ལ་ཧུར་ཐག་གིས་ཨ་ལན་སློག་དགོས། ཀྲུང་དབྱང་གིས་རྩ་ཁྲིམས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་དམིགས་བསལ་སྲིད་འཛིན་ཁུལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དང་འབྲེལ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་དང་ཁྲིམས་སྐྱོང་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས། ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཉིད་རང་སྲིད་འཛིན་ཁྱབ་ཁོངས་ནང་དུ་བརྩི་སྲུང་དང་ལག་བསྟར་ཐུབ་པ་འགན་ལེན་བྱས་ཏེ། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།


 གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་པོར་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་དང་བཟང་སྐྱོང་འགན་སྲུང་བྱེད་དགོས། “འཇིག་རྟེན་དགེ་བའི་ཁྲིམས་བཙུགས་ན། ། གནམ་འོག་ཐམས་ཅད་བདེ་བར་འགྱུར། ། རྒྱལ་ཁབ་དགེ་བའི་ཁྲིམས་བཙུགས་ན། ། རྒྱལ་ཁམས་གང་དེ་བདེ་བར་འགྱུར། །” སྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་དུ། ཏང་གི་འགོ་ཁྲིད་འོག་ཕྱོགས་སོ་སོས་འབད་པ་བྱས་མཐར། རང་རྒྱལ་གྱིས་ལོ་ངོ་30ལྷག་རིང་གི་དུས་ཚོད་བེད་སྤྱད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་བཙུགས་པ་དེ་ནི་མིའི་རིགས་ཀྱི་ཁྲིམས་སྐྱོང་ལོ་རྒྱུས་ཐོག་གི་དཔེ་མི་སྲིད་པའི་གྲུབ་འབྲས་ཤིག་རེད། དེ་དང་ཆབས་ཅིག་ཏུ་རྟོགས་དགོས་པ་ཞིག་ནི། དུས་རབས་མདུན་དུ་སྐྱོད་བཞིན་ཡོད་པ་དང་། ལག་ལེན་གོང་དུ་འཕེལ་བཞིན་ཡོད་པས། བཅའ་ཁྲིམས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་དུ་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་འདོན་དགོས་པ་དང་། བཅའ་ཁྲིམས་མ་ལག་ཉིད་ངེས་པར་དུ་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་གཏོང་དགོས།


 ཏང་གིས་ཁྲིམས་འཛུགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་ཨུ་ཡིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་རྒྱབ་རྟེན། ཕྱོགས་སོ་སོ་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་འཛུགས་ལས་དོན་གྱི་གནས་སྟངས་འཐུས་ཚང་དུ་གཏོང་དགོས། སྒྱུར་བཅོས་འཕེལ་རྒྱས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཐབས་ཇུས་གཉིས་སྔར་ལས་ལྷག་པར་ཟུང་འབྲེལ་བྱེད་དགོས་པ་སྟེ། སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཐོག་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། སྔར་བས་འཐུས་སྒོ་ཚང་བའི་ཁྲིམས་སྐྱོང་ཐོག་ནས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་གསར་གཏོད་འགན་སྲུང་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་གནད་ཆེའི་སྒྱུར་བཅོས་བྱེད་པར་གཞིར་འཛིན་སའི་བཅའ་ཁྲིམས་ཡོད་པ་ཁག་ཐེག་བྱེད་དགོས། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད། རང་རྒྱལ་གྱི་བཅའ་ཁྲིམས་མངའ་ཁོངས་ཕྱི་རུ་སྤྱད་འཐུས་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྲུན་སྐུལ་སྤེལ། ཁྲིམས་སྐྱོང་གི་ཐམས་ལམ་སྤྱད་དེ་ནུས་ལྡན་ངང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཉམས་ཉེན་སྔོན་འགོག་ཚོད་འཛིན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། ཁྲིམས་འཛུགས་དང་། ཁྲིམས་བཅོས། ཁྲིམས་འདོར། ཁྲིམས་འགྲེལ། ཁྲིམས་རྩོམ་སྒྲིག་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ལྟ་ཞིབ་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་མ་ལག་ཕྱོགས་ཡོངས་ནས་འཐུས་ཚང་གཏོང་དགོས།


 རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཡིན་པས། སྤུས་ཚད་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲིམས་འཛུགས་ལས་དོན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་མ་ལག་སྔར་བས་ཚན་རིག་དང་མཐུན་ཞིང་ཆ་ཚང་བ་དང་། གཅིག་གྱུར་ཡིན་ཞིང་དབང་གྲགས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། གཙོ་གནད་ཁྱབ་ཡོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིམས་འཛུགས་ནང་འདྲེས་པར་མཐོང་ཆེན་བྱེད་དགོས་ལ། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་དགོས་མཁོ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་ངེས་པར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ཁྲིམས་འཛུགས་ཁྱབ་ཁོངས་སུ་མུ་མཐུད་དེ་ཁྲིམས་གཞུང་རྩོམ་སྒྲིག་གི་ལས་ཀ་སྒྲུབ་དགོས།


 ཁྲིམས་བཟང་ནི་ལེགས་སྐྱོང་གི་སྔོན་འགྲོ་ཡིན། “ཁྲིམས་ཞེས་བྱ་བ་ནི། གནམ་ནས་ལྷུང་བྱུང་བ་ཞིག་མ་ཡིན་ལ། ས་ནས་འབུས་ཡོང་བ་ཞིག་ཀྱང་མ་ཡིན་པར། དེ་ནི་འཇིག་རྟེན་མི་ཡུལ་ནས་བྱུང་ཞིང་མིའི་བློ་འདོད་དང་མཐུན་པའི་གནས་ལུགས་ཤིག་གོ །” ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་གནད་འགག་འདི་དམ་འཛིན་དང་། ཁྲིམས་འཛུགས་ལས་དོན་ནང་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་དེ་མཚོན་པ་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་ཀྱི་དོན་དུ་ཡིན་པ་དང་། མི་དམངས་ལ་རྒྱབ་རྟེན་བཅོལ་རྒྱུ་རྒྱུན་འཁྱོངས། གཟབ་ནན་གྱི་སྒོ་ནས་ཁྲིམས་བཀོད་དབང་མཚམས་དང་ཁྲིམས་བཀོད་ལས་རིམ་ལྟར་བྱ་རྒྱུ་རྒྱུན་འཁྱོངས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ། བཅའ་ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་གཏིང་ཟབ་མོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛུགས་རྣམ་པ་གྲ་རྒྱས་ཕུན་ཚོགས་སུ་བཏང་ནས་ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་། སྤྱད་འཐུས་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏོང་དགོས། གཟབ་ནན་གྱི་སྒོ་ནས་ཁྲིམས་བཀོད་དབང་མཚམས་དང་ལས་རིམ་ལྟར་སྲིད་འཛིན་ཁྲིམས་སྲོལ་དང་། ལྟ་ཞིབ་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ་བཅས་གཏན་འབེབས་བྱས་ནས་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས། ཁྲིམས་འཛུགས་དབང་ཆ་ཡོད་པའི་ས་གནས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་གཟབ་ནན་གྱི་སྒོ་ནས་ཁྲིམས་འཛུགས་དབང་མཚམས་བརྩི་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ཡག་པོར་སྒྲུབ་དགོས་པ་དང་། ཤུགས་བཏོན་ནས་མངོན་སུམ་གྱི་གནད་དོན་ཐག་གཅོད་བྱེད་དགོས།


 གསུམ་པ། རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་བསྩལ་བའི་ལྟ་སྐུལ་དབང་ཆ་བཀོལ་སྤྱོད་ཡག་པོ་བྱས་ཏེ། ཡང་དག་པར་ལྟ་སྐུལ་དང་། ནུས་ལྡན་ངང་ལྟ་སྐུལ། བཅའ་ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་དོན་གལ་ཆེན་དང་ལམ་ལུགས་ཇུས་འགོད་ཀྱི་གཞི་རྩའི་བླང་བྱ་ནི། རྒྱལ་ཁབ་ལས་ཁུངས་གང་ཡང་རུང་བ་དང་དེའི་ལས་བྱེད་མི་སྣ་སུ་ཡང་རུང་བའི་དབང་ཆར་ལྟ་སྐུལ་དང་ཚོད་འཛིན་ཐེབས་པ་དེ་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནང་གི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་བས་ཡག་པོ་བྱེད་དགོས་པ་དང་། མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་པ་དང་། དབང་ཆ་ཉི་འོད་འོག་ཏུ་བཀོལ་སྤྱོད་བྱེད་དུ་འཇུག་པ། ལམ་ལུགས་ཀྱི་གཟེབ་དྲས་དབང་ཆར་གཅུན་འདོམས། ཁྲིམས་སྐྱོང་གི་མཐུར་མདས་དབང་ཆར་ཁ་སྒྱུར་བཅས་བྱེད་དགོས།


 རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལྟ་སྐུལ་དབང་ཆ་བཀོལ་སྤྱོད་བྱས་ཏེ། ཡང་དག་པར་ལྟ་སྐུལ་དང་། ནུས་ལྡན་ངང་ལྟ་སྐུལ། བཅའ་ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གི་གཅིག་གྱུར་དང་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱེད་དགོས་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནུས་ལྡན་ངང་ལག་བསྟར་ཐུབ་པ་འགན་ལེན་ནན་ཏིག་བྱེད་དགོས་ཤིང་། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པར་སྤྱོད་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།


 རང་རྒྱལ་གྱི་ཆབ་སྲིད་སྒྲིག་སྲོལ་ནང་། མི་དམངས་འཐུས་ཚོགས་ཀྱིས་“སྲིད་གཞུང་གཅིག་ཨུ་ལྷན་གཅིག་ཁང་གཉིས་”བཅས་ལ་ལྟ་སྐུལ་གྱི་ནུས་པ་འདོན་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་བར་ལས་ཀའི་སྡོམ་ཤུགས་ཆགས་པར་སྐུལ་སྤེལ་བྱེད་ཀྱི་ཡོད། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། གནད་ག་གཙིགས་འཛིན་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་པ། མི་དམངས་མང་ཚོགས་ཀྱི་གང་བསམ་གང་རེ་གང་སྨོན་བཅས་ལ་རྩེ་གཅིག་ཏུ་དམིགས་པ་བཅས་ཀྱི་ཐོག་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བའི་འགལ་བ་དང་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཀོད་ལྟ་སྐུལ་དབང་ཆ་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ལས་འགན་སྒྲུབ་པ་དང་ལས་ཀ་སྒྲུབ་པ་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བསྟར་དང་ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་དང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། རིམ་པ་ཁག་གི་“སྲིད་གཞུང་གཅིག་ཨུ་ལྷན་གཅིག་ཁང་གཉིས་”བཅས་ཀྱིས་གཟབ་ནན་གྱི་སྒོ་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱེད་དགོས་པ་དང་། ཁྲིམས་ལྟར་ལས་དོན་སྙན་སེང་ཞུ་དགོས་ལ། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།


 བཞི་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། མི་དམངས་ལ་རེ་འབོད་གང་ཡོད་ན་ཡ་ལན་དེ་སྤྲོད་ཐུབ་པ་བྱེད་དགོས། “དམངས་སེམས་ལ་བསྟུན་རྒྱུ་ནི་སྲིད་ཀྱི་རྩ་བ་ཡིན།” མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་ལྡན་པའི་འགག་རྩ་ནི་དེ་ཉིད་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཟབ་མོ་ཚུགས་ཡོད་པ་དེ་ཡིན། རྒྱལ་ཁབ་ཀྱི་ལས་ཁུངས་གང་ཡང་རུང་བ་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་སུ་ཡིན་རུང་ཚང་མས་ངེས་པར་དུ་མི་དམངས་ཀྱི་སྤྱི་ཞབས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་དམངས་སྙིང་དབུས་སུ་འཇོག་པ། མི་དམངས་དང་འབྲེལ་འདྲིས་དམ་ཟབ། མི་དམངས་ཀྱི་བསམ་འཆར་དང་གྲོས་འགོ་ལ་ཉན་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། ཧུར་ཐག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནང་དོན་དང་རྣམ་པ་གྲ་རྒྱས་ཕུན་ཚོགས་དང་། འབྲེལ་འདྲིས་ཐབས་ལམ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཧུར་ཐག་གིས་ཡ་ལན་སློག་པ་བཅས་བྱས་ཐོག མི་དམངས་ལ་འབྲེལ་འདྲིས་ཟབ་མོ་དང་། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས། མི་དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་འཚོ་ལ་ཕན་པ་བཅས་དེ་བས་ཡག་པོ་བྱེད་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་ལས་ཀའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། འཐུས་མིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།


 མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱིས་བསྩལ་བའི་གཟི་བརྗིད་ལྡན་པའི་ལས་འགན་ཁུར་ཡོད་པས། མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱེད་པར་བློ་དཀར་སེམས་དཀར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ནང་ཁྲིམས་ལྟར་ཐེ་ཞུགས་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཚུགས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ། བསམ་བློ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན། མིག་དཔེ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བཅས་བྱས་ནས་ཆབ་སྲིད་སྟེང་གི་གོ་ཤེས་ཅན་ཞིག་བྱེད་དགོས། མི་དམངས་ལས་བྱུང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་ཁྱད་ཆོས་དང་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ཡག་པོ་ཞིག་བྱེད་པ། ཚད་ཆེ་ཤོས་ཀྱི་སྒོ་ནས་མཐུན་རྐྱེན་སྐུལ་སློང་དང་འགལ་རྐྱེན་སེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཉམས་སྣང་མངོན་དགོས།


 ལྔ་པ། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་དེ། མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་ཐོག་ནས། དེ་ཉིད་རང་རྟོགས་ངང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ལས་ཁུངས་ཤིག་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཤིག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་ཁག་ཕྱོགས་ཡོངས་ནས་ཐེག་ཐུབ་པའི་ལས་སྒྲུབ་ལས་ཁུངས་ཤིག ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འཐུས་མིའི་ལས་ཁུངས་ཤིག་བཅས་སུ་འགྱུར་བར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་ཞུ། ཁྲིམས་སྐྱོང་ལ་གོང་བཀུར། དམངས་གཙོ་དར་སྤེལ། ལྷུར་ལེན་གཙང་སྒྲུབ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། གཟབ་ནན་གྱི་སྒོ་ནས་ཁྲིམས་བཀོད་ལས་འགན་སྒྲུབ་པ་མ་ཟད། ཁྲིམས་བཀོད་ལས་རིམ་བརྩི་སྲུང་བྱེད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་ཀྱང་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས།


 དྲུག་པ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་ཏང་གིས་རྒྱལ་ཁབ་སྲིད་དབང་ལས་ཁུངས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཏང་གིས་རྒྱལ་ཁབ་སྲིད་དབང་ཁྲོད་ དམངས་གཙོ་སྒོ་ཀུན་ནས་དར་སྤེལ་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་མངོན་འགྱུར་བྱེད་སྟངས་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་ཁག་གི་ཏང་ཨུ་ཡིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། དུས་བཀག་ལྟར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུར་ཉན་དགོས་ལ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ཁྲོད་གནས་པའི་གནད་དོན་ཚབས་ཆེན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་ཀ་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། “སྲིད་གཞུང་གཅིག་ཨུ་ལྷན་གཅིག་ཁང་གཉིས་”བཅས་ཀྱིས་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚོགས་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་དང་ཏང་སྲིད་སྡེ་ཁག་དང་སྲིད་འཛིན་སྡེ་ཁག་གི་ལས་བྱེད་པའི་བར་ལུགས་མཐུན་སྤེལ་རེས་ཡོང་བར་སྐུལ་འདེད་བྱེད་དགོས། ཏང་གི་རིམ་པ་ཁག་གི་རྩ་འཛུགས་དང་དྲིལ་བསྒྲགས་སོགས་སྡེ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་སྡོམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཏང་གི་འགོ་ཁྲིད་སྐོར་གྱི་ལམ་ལུགས་ཁག་གཟབ་ནན་གྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས།


 དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་འདུ་ཤེས་གལ་ཆེན་ཡང་ཡིན། དམངས་གཙོའི་རིན་ཐང་དང་འདུ་ཤེས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་ཞིང་གོ་ཆོད་ཡིན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཏུ་བསྒྱུར་དགོས་པ་དང་། ཇི་ལྟར་བྱས་ནས་བྱེ་བྲག་གི་མངོན་སུམ་གྱི་དམངས་གཙོའི་ལག་ལེན་དུ་བསྒྱུར་དགོས་སམ་ཤེ་ན། དེར་ལོ་རྒྱུས་དང་མངོན་སུམ་གཉིས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས། རྣམ་པ་དང་ནང་དོན་གཉིས་བཅས་གཞི་མཐུན་དུ་གཅིག་གྱུར་ཡོང་བར་དོ་སྣང་བྱས་ནས་ཡང་དག་པའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་སྟངས་བྱེད་ཐབས་རྙེད་པ་བྱེད་དགོས།


 རྒྱལ་ཁབ་ཅིག་གི་ཆབ་སྲིད་ལམ་ལུགས་དེ་དམངས་གཙོ་དང་ནུས་ལྡན་ཡིན་མིན་ལ་གདེང་འཇོག་བྱེད་ཚེ། གཙོ་བོར་རྒྱལ་ཁབ་དེའི་འགོ་ཁྲིད་རིམ་པ་ཁྲིམས་ལྟར་རིམ་ལྡན་ངང་བརྗེ་སྒྱུར་ཐུབ་མིན་དང་། མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་། སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་བཅས་ལ་དོ་དམ་བྱེད་ཐུབ་མིན། མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གྱི་དགོས་མཁོ་ལྷུག་པོར་བརྗོད་ཐུབ་མིན། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ནུས་ལྡན་ངང་ཐེ་ཞུགས་བྱེད་ཐུབ་མིན། རྒྱལ་ཁབ་ཀྱི་ཇུས་ཐག་གཅོད་སྟངས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་ཐུབ་མིན། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་དྲང་སྙོམས་འགྲན་རྩོད་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དོ་དམ་མ་ལག་ཏུ་འཛུལ་ཐུབ་མིན། སྲིད་སྐྱོང་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྒྱལ་ཁབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཐུབ་མིན། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཐེབས་ཐུབ་མིན་བཅས་ལ་ལྟ་དགོས་པ་རེད་ཅེས་ངས་བཤད་མྱོང་ཡོད།


 དམངས་གཙོ་ནི་རྒྱན་ཆ་ལྟ་བུ་མ་ཡིན་ལ། སྒྲིག་གཤོམ་ལྟ་བུ་ཡང་མ་ཡིན་པར། མི་དམངས་ཀྱིས་ཐག་གཅོད་བྱེད་འདོད་པའི་གནད་དོན་ཐག་གཅོད་བྱེད་སྤྱད་ཡིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་ལ་ལྟ་བའི་གནད་འགག་ནི། མི་དམངས་ཀྱི་རང་ཁྱིམ་རང་བདག་དོན་དངོས་ཐོག་བྱེད་ཐུབ་མིན་ལ་ལྟ་དགོས་ཤིང་། མི་དམངས་ལ་འདེམས་བསྐོའི་དབང་ཆ་ཡོད་མེད་ལ་ལྟ་དགོས་ལ། མི་དམངས་ལ་རྒྱ་ཁྱབ་ཏུ་ཐེ་ཞུགས་བྱེད་དབང་ཡོད་མེད་ལ་དེ་བས་ཀྱང་ལྟ་དགོས་པ་དང་། འདེམས་བསྐོ་བྱེད་སྐབས་མི་དམངས་ལ་ངག་ཐོག་ནས་ཁས་ལེན་གང་འདྲ་བྱེད་པ་ལ་ལྟ་དགོས་ལ། འདེམས་བསྐོ་བྱས་རྗེས་ཁས་ལེན་དེ་དག་མངོན་འགྱུར་གང་འདྲ་བྱུང་ཡོད་པ་ལ་དེ་བས་ཀྱང་ལྟ་དགོས་པ། ལམ་ལུགས་དང་བཅའ་ཁྲིམས་ཀྱིས་ཆབ་སྲིད་ལས་རིམ་དང་ཆབ་སྲིད་སྒྲིག་ལམ་གང་འདྲ་ཞིག་གཏན་འཁེལ་བྱས་ཡོད་པར་ལྟ་དགོས་ལ། ལམ་ལུགས་དང་བཅའ་ཁྲིམས་དེ་དག་དངོས་གནས་ལག་བསྟར་བྱས་ཐུབ་མིན་ལ་དེ་བས་ཀྱང་ལྟ་དགོས་པ། དབང་ཆ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་དང་ལས་རིམ་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ལ། དབང་ཆར་དངོས་གནས་མི་དམངས་ཀྱི་ལྟ་སྐུལ་དང་ཚོད་འཛིན་ཐེབས་ཡོད་མེད་ལ་དེ་བས་ཀྱང་ལྟ་དགོས་པ་བཅས་ཡིན། གལ་ཏེ་མི་དམངས་འདེམས་ཤོག་འཕེན་དུས་གཉིད་ལས་དཀྲོགས་པ་དང་། འདེམས་ཤོག་འཕངས་རྗེས་དགུན་ཉལ་རྒྱག་པའི་དུས་སུ་སླེབས་པ་ལྟ་བུ་དང་། འདེམས་བསྐོ་འགྲན་རྩོད་བྱེད་དུས་འབོད་ཚིག་འུད་ཆེན་པོར་ཉན་པ་དང་། འདེམས་བསྐོ་འགྲན་རྩོད་བྱས་རྗེས་གཏམ་དབང་མེད་པ་ལྟ་བུ། འདེམས་ཤོག་ཐབས་འགུག་བྱེད་དུས་གཅེས་སུ་འཛིན་པ་དང་། འདེམས་བསྐོ་བྱས་རྗེས་ཁ་ཡ་མི་བྱེད་པ་ལྟ་བུ་བཅས་ཀྱི་དམངས་གཙོ་ནི་དམངས་གཙོ་ངོ་མ་ཞིག་མ་རེད།


 མདོར་ན། དམངས་གཙོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཆེད་ཁེ་མ་ཡིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ན། རྒྱལ་ཁབ་གང་དེའི་མི་དམངས་ཀྱིས་དཔྱད་འཇོག་བྱེད་དགོས་པ་ལས། ཕྱི་ཕྱོགས་ཀྱི་མི་ཉུང་ཤས་ཤིག་གི་བཀའ་བཀོད་ལྟར་དཔྱད་འཇོག་བྱེད་ན་མི་འགྲིག རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གི་རྒྱལ་ཁབ་གང་ཞིག་དམངས་གཙོ་ཡིན་མིན་ལྟ་དགོས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་ནས་དཔྱད་འཇོག་བྱེད་དགོས་པ་ལས། ང་རྒྱལ་ཁེངས་དྲེགས་བྱེད་པའི་རྒྱལ་ཁབ་ཉུང་ཤས་ཤིག་གིས་དཔྱད་འཇོག་བྱེད་ན་མི་འགྲིག དམངས་གཙོ་མངོན་འགྱུར་བྱེད་སྟངས་སྣ་ཚོགས་ཡོད་པས་ཚང་མ་རྩོམ་བརྒྱ་ལུགས་གཅིག་ཡོང་མི་སྲིད། ཚད་གཞི་གཅིག་རྐྱང་གི་ཐོག་ནས་འཛམ་གླིང་གི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་ལམ་ལུགས་ཀྱི་ཚད་འཇལ་བ་དང་། མིག་རྒྱང་སྣ་གཅིག་གི་ཐོག་ནས་མིའི་རིགས་ཀྱི་རྣམ་པར་བཀྲ་བའི་ཆབ་སྲིད་དཔལ་ཡོན་ལ་ལྟ་ཞིབ་བྱེད་པ་ནི་མ་གཞི་ནས་དམངས་གཙོ་མ་རེད།


 ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་སྒྲེང་སྟེ། ཐོག་མཐའ་བར་གསུམ་དུ་གཤམ་གསལ་གྱི་གཞི་རྩའི་ལྟ་ཚུལ་དག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་དེ། གཅིག་ནི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་གནས་ས་ཡིན་པ་སྟེ། དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་ཐབས་མེད། གཉིས་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ལ། མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་སྐྲུན་ནུས་པ་སྐུལ་སློང་བཅས་བྱེད་དགོས་པ་དང་། ལམ་ལུགས་ཀྱི་མ་ལག་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་འགན་ལེན་བྱེད་དགོས། གསུམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་ཡང་དག་པའི་འགྲོ་ལམ་ཡིན་པ་སྟེ། ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོར་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་པའི་ལྡོག་མེད་ཀྱི་འབྲས་བུ་ཡིན་ལ། ཏང་གི་ངོ་བོའི་རང་གཤིས་རྒྱུན་འཁྱོངས་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱའང་ཡིན། བཞི་ནི་མི་དམངས་ཀྱིས་འདེམས་བསྐོ་དང་འདེམས་ཤོག་འཕེན་པ་བརྒྱུད་ནས་ཁེ་དབང་སྤྱོད་པ་དང་། མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོའི་གནད་ཆེའི་ཇུས་ཐག་མ་གཅོད་གོང་སྒོ་ཀུན་ནས་གྲོས་མོལ་བྱས་ཏེ་ཐུན་མོང་རང་བཞིན་ཅན་གྱི་གནད་དོན་ཐད་བསམ་འཆར་གཅིག་མཐུན་ཡོང་གང་ཐུབ་བྱེད་པ་དང་གཉིས་ཏེ། དེ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྣམ་པ་གལ་ཆེན་གཉིས་ཡིན་པ་དང་། ཐུན་མོང་ཐོག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གྲུབ་ཡོད། ལྔ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་མུ་མཐུད་དུ་སྐུལ་སྤེལ་བཏང་སྟེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ་དེ་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “མ་རྩ་རིང་ལུགས་སྤྱི་ཚོགས་ཀྱིས་བཤད་པའི་དམངས་གཙོ་དེ་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་ཡིན་པ་དང་། དོན་དངོས་ཐོག་སྒེར་སྡེམ་མ་རྩའི་དམངས་གཙོ་ཡིན་ཏེ། ཏང་མང་འདེམས་བསྐོ་འགྲན་རྩོད་དང་། དབང་གསུམ་ལོགས་འཛུགས། གྲོས་གཉིས་ལམ་ལུགས་བཅས་ལས་འདས་མེད། ང་ཚོའི་ལམ་ལུགས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཡིན་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམངས་གཙོའི་ལམ་ལུགས་ཡིན་པས། ནུབ་ཕྱོགས་ཀྱི་བྱེད་སྟངས་འཛིན་མི་རུང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ལ་དགེ་མཚན་ཆེ་ཤོས་ཤིག་ཡོད་པ་ནི། དོན་དག་ཅིག་སྒྲུབ་པ་ལ། སེམས་ཐག་བཅད་ཟིན་པ་དང་། གྲོས་ཆོད་བཞག་ཟིན་པ་ཡིན་ན། དེ་མ་ཐག་ཏུ་ལག་བསྟར་བྱས་ཆོག་ལ། གཞན་པའི་འབྲེལ་བ་ཅི་ཡང་མེད་པ་དེ་རེད།”


 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གནད་ཆེའི་ལྟ་བ་བཏོན་ཡོད། རང་རྒྱལ་གྱི་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལ་ལམ་ལུགས་ཀྱི་ལས་རིམ་ཆ་ཚང་ཞིག་ཡོད་པ་མ་ཟད། ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད་པ་ཡིན། རང་རྒྱལ་གྱིས་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ལམ་ལུགས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་ལམ་ལུགས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་གཞི་རྩའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་བའི་ཐོག་ནས། ཆ་ཚང་བ་དང་རྒྱ་ཆེ་ལ་འབྲེལ་མཐུད་འཚམ་པོ་ཡོང་བའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་ཆགས་ཡོད་པ་དང་། སྣ་མང་བདེ་བགྲོད་རིམ་ལྡན་བཅས་ཀྱི་དམངས་གཙོའི་ཐབས་ལམ་བསྐྲུན་ཡོད། མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་ལྟར་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་ཀྱི་ཡོད། རང་རྒྱལ་གྱི་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལས་གོ་རིམ་དམངས་གཙོ་དང་འབྲས་བུ་དམངས་གཙོ་དང་། ལས་རིམ་དམངས་གཙོ་དང་དོན་དངོས་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་བརྒྱུད་དམང་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་ཕན་ཚུན་གཅིག་གྱུར་བྱུང་ཡོད་པ་དང་། དེ་ནི་འབྲེལ་ཐག་ཡོངས་དང་། ཕྱོགས་ཡོངས། ཀུན་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཡིན་པ་དང་། ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། སྤྱོད་གོ་ཆོད་ཤོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའང་ཡིན། ང་ཚོས་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱེད་ཐབས་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ལས་དོན་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་པར་སྒྱུར་བའི་ལས་དོན་བཅས་ཀྱི་ཐོག་ལས་བྱེ་བྲག་དང་མངོན་སུམ་དུ་མཚོན་ཐུབ་པ་བྱེད་དགོས།


 མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ཏང་གི་འགོ་ཁྲིད་འོག་ཏུ། མི་དམངས་ལུགས་ལྡན་ངང་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་ཆེ་རུ་སྐྱེད་པ་དང་། ཁྲིམས་སྐྱོང་གི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པར་ཤུགས་སྣོན། མི་དམངས་ལ་ཁྲིམས་ལྟར་ཁྱབ་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱད་རྒྱུ་ཡོད་པ་འགན་ལེན་བཅས་བྱེད་དགོས། མི་དམངས་ལ་ཁྲིམས་ལྟར་འདེམས་བསྐོའི་ཁེ་དབང་སྤྱོད་རྒྱུ་འགན་ལེན་དང་། དམངས་གཙོས་འདེམས་བསྐོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་ཐོན་ཡོང་བ། མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། འདོད་བློ་མཚོན་དབང་། ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོ་དང་གོ་རིམ་ཡོངས་སུ་དོན་འཁྱོལ་ཐུབ་པ་འགན་ལེན། ཏང་དང་རྒྱལ་ཁབ་ཀྱིས་ཇུས་གཅོད་དང་། ལག་བསྟར། ལྟ་སྐུལ་དོན་འཁྱོལ་བཅས་ལྷུ་ཚིགས་ཁག་ཏུ་མི་དམངས་ཀྱི་སྐད་སྒྲ་ཐོས་ཐུབ་པ་འགན་ལེན་བཅས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་དམངས་གཙོ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ལས་སྟེགས་དང་རྟེན་གཞི་འཐུས་ཚང་དང་། མི་དམངས་ཀྱི་འདོད་བློ་བསྡུ་ལེན་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ་དང་ཁྲིམས་འཛུགས་ཀྱི་གྲོས་མོལ་ལ་སྐུལ་འདེད་བཅས་བྱས་ཏེ། ཕྱོགས་སོ་སོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དེ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གཅིག་གྱུར་ཡོང་བ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གསལ་པོར་བཤད་དགོས་པ་དང་། ཀྲུང་གོའི་དམངས་གཙོའི་གཏམ་རྒྱུད་ཡག་པོར་བཤད་དགོས།


 མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མུ་མཐུད་དུ་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། འཁྲུག་ཆ་དོད་ཅིང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཡར་རྒྱས་འགྲོ་བའི་ཐད་ཀྲུང་གོའི་བློ་གྲོས་ཀྱིས་ཕྱུག་པའི་བྱས་རྗེས་འཇོག་དགོས། བསོད་རྣམས་དབང་རྒྱལ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1