བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ་ཚོགས་འདུ་འདི་འཚོགས་པའི་དམིགས་ཡུལ་ནི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། གྲུབ་འབྲས་ཕྱིར་དྲན་དང་། ཉམས་མྱོང་ཕྱོགས་བསྡོམས། ཡིད་ཆེས་བརྟན་པོར་འཆང་བ་བཅས་བྱས་ནས་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་བཀོད་སྒྲིག་བྱ་རྒྱུ་དེ་རེད།
ལོ་ངོ་70སྔོན་གྱི་ཟླ་9པར། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱས་པར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་རྒྱལ་ཁའི་གླུ་སྒྲ་ཕྱོགས་ཀུན་ཏུ་ཁྱབ་པ་དང་ལྷན་ཅིག་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་བློ་མཐུན་མའོ་ཙེ་ཏུང་གིས་སྤོབས་པ་ཆེན་པོའི་སྒོ་ནས་ང་ཚོའི་ལས་དོན་དེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་འབྲི་ངེས་ཡིན་ཞིང་། དེའི་ཐོག་ནས་མིའི་རིགས་བསྡོམས་གྲངས་ཀྱི་བཞི་ཆ་གཅིག་ཟིན་པའི་ཀྲུང་གོ་བ་ད་ནས་བཟུང་ཡར་ལངས་བྱུང་བ་མཚོན་ཡོད་ཅེས་གསུངས་ཡོད།
འདིར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་དྲག་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐབས་འདིར་ང་ཚོས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་གནང་མཁན་གསར་བརྗེའི་སྔོན་བྱོན་པ་དང་སྤྱོད་བཟང་འདུན་ཆེའི་མི་སྣ་རྣམས་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་དང་། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཀྲོའུ་ཨེན་ལའེ། བློ་མཐུན་ཏེང་ཞའོ་ཕིན། བློ་མཐུན་ཏེང་ཡིང་ཁྲའོ། བློ་མཐུན་ལི་ཞན་ཉན་སོགས་མི་དམངས་སྲིད་གྲོས་བྱ་གཞག་གི་རྒན་རབས་དབུ་ཁྲིད་ཕུལ་བྱུང་ཅན་རྣམས་ལ་སྙིང་དབུས་ནས་དྲན་གསོ་ཞུ་རྒྱུ་ཡིན། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་བྱས་རྗེས་བཞག་གནང་མཁན་གྱི་མི་ཚང་མ་ང་ཚོས་དུས་ནམ་ཡང་སེམས་ལ་བརྗེད་མེད་དུ་འཛིན་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
མི་དམངས་སྲིད་གྲོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་གཞུང་ལུགས། དམངས་གཙོའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག མི་དམངས་ཀྱི་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་ཀྱི་ལམ་ལུགས་ཐོག་གསར་གཏོད་རླབས་པོ་ཆེ་བྱས་པ་ཞིག་རེད། ལོ་ངོ་70ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུས་ཏེ་ཀྲུང་གོ་གསར་པ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས་ཡོད།
ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་ཚབ་སྤྱོད་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་པར་ཕྱོགས་ཡོངས་ནས་གྲ་སྒྲིག་བྱས། གྲོས་ཚོགས་ཐོག་གནས་སྐབས་རྩ་ཁྲིམས་ཀྱི་ངོ་བོ་ལྡན་པའི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་དང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འཛུགས་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཛུགས་ཁྲིམས་བཅས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ས་དང་། རྒྱལ་དར། རྒྱལ་གླུ། ལོ་རྩིས་བཅས་སྐོར་གྱི་གྲོས་ཆོད་བཞག་པ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། འདིས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དངོས་སུ་བཙུགས་པ་ཡང་མཚོན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མི་དམངས་སྲིད་གྲོས་ཀྱིས་རྒྱལ་དམངས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བ་དང་། གསར་སྐྱེས་མི་དམངས་སྲིད་དབང་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། 1954ལོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོགས་རྗེས་མི་དམངས་སྲིད་གྲོས་ཀྱིས་མུ་མཐུད་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ནང་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་སྤེལ་ཡོད།
1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དེ་དུས་སྐབས་གསར་པར་སླེབས་ཡོད། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་། ལས་འགན། བརྗོད་བྱ་གཙོ་བོ། འགན་ནུས་བཅས་སྔར་ལས་ཁ་གསལ་བཟོས་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ནུས་པ་རྩ་ཁྲིམས་ནང་བཀོད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གཏན་འཁེལ་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་བ་དང་། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་ཧུར་ཐག་བྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། མི་དམངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་རྒྱུན་འཁྱོངས། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ནས། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་གིས་ཞུགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་སེམས་ཤུགས་གཅིག་སྒྲིལ་བྱས་པས་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་གཙོ་བོ་གཤམ་གསལ་འགའ་ཡོད།
གཅིག་ནི་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་དམངས་གཙོའི་ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག ལས་རིགས་ཁག་གི་མི་དྲག་བཅས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་གདམ་ཀ་དང་། སྲིད་གྲོས་དབུ་བརྙེས་སྐབས་ཀྱི་ཐོག་མའི་བསམ་འདུན་ཐུག་ས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་བཅས་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཧྲིལ་པོའི་ནང་ཁྱབ་པར་བྱས་ཏེ་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས།
གཉིས་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི། མི་དམངས་དམངས་གཙོ་བཅས་མངོན་འགྱུར་བྱེད་པའི་རྣམ་པ་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་བཅས་ཡིན། མི་དམངས་སྲིད་གྲོས་ཀྱིས་ངོ་བོའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་སྤེལ་ལམ་བུའི་ཐོག་བསྐྱོད་དགོས།
གསུམ་ནི་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། གྲོས་མོལ་དམངས་གཙོ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་གྲོས་མོལ་དམངས་གཙོ་དེ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་རྩེ་གཅིག་ཏུ་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱེད་དགོས།
བཞི་ནི་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་དང་། ཀྲུང་གོའི་ས་ཐོག་ནས་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་སྲིད་གྲོས་ནང་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཆ་རྐྱེན་བསྐྲུན་དགོས།
ལྔ་ནི་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བསམ་བློ་དང་ཆབ་སྲིད་ཐོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤྱིའི་བགོ་གྲངས་ཆེ་ཤོས་རག་གང་ཐུབ་དང་བློ་སེམས་གཅིག་མཐུན་ཆེ་ཤོས་ཀྱི་རི་མོ་འབྲི་གང་ཐུབ་བཅས་བྱས་ཏེ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།
དྲུག་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དེ་རང་འགན་སྒྲུབ་པའི་ཁ་ཕྱོགས་བྱེད་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཛིན་པ། ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་པ་དང་། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཞན་སར་ཤུགས་སྣོན་བཅས་ཀྱི་གནད་དོན་གལ་ཆེན་ལ་དམིགས་པ། གྲོས་མོལ་དང་གཅིག་སྡུད་སྲིད་གླེང་ནང་གཏིང་ཟབ་བྱེད་པ། ལྟ་སྐུལ་སྐུལ་འདེད་དོན་འཁྱོལ་གསུམ་གྱི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
བདུན་ནི་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་ཟམ་མི་འཆད་པར་སྐོང་བ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱིས་ཤུགས་རྒྱག་ས་གལ་ཆེན་དུ་བརྩིས་ནས་མང་ཚོགས་ཀྱི་འབོད་སྒྲར་ཉན་པ་དང་། མང་ཚོགས་ཀྱི་བསམ་འདུན་མཚོན་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་དངོས་དམ་འཛིན་གྱིས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
བརྒྱད་ནི་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་སྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་སྟངས་འཛིན་བྱེད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཆེ་རུ་འགྲོ་བར་ཤུགས་རྒྱག་དགོས། ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་རྣམས་ལ་སྲིད་གྲོས་ཤེས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་མོལ་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་སྲུང་བ། སྤྱོད་ལམ་ལ་སྣང་ཆེན་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ལོ་ངོ་70ཡི་ལག་ལེན་དངོས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོའི་ཐད་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཡོད་པ་ར་འཕྲོད་བྱུང་ཡོད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་“དམངས་གཙོ་ནི་ཅི་ཞིག་ཡིན་ནམ་ཞེ་ན། དེར་ངེས་པར་དུ་དོན་སྙིང་ངེས་ཅན་ཞིག་ལྡན་དགོས། དེ་འདྲ་མ་བྱས་ན་དེ་ཉིད་གནས་མི་ཐུབ། དེར་བརྟེན་གནད་དོན་ཚང་མ་ནི་དམངས་གཙོ་ཞེས་པའི་དོན་སྙིང་ངོ་མ་དེ་གཏན་འཁེལ་བྱེད་རྒྱུར་ཐུག་ཡོད་”ཅེས་གསུངས་ཡོད། དམངས་གཙོའི་ཆབ་སྲིད་མངོན་འགྱུར་བྱེད་པའི་རྣམ་པ་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་པས་འགྱུར་མེད་ཀྱི་དཔེ་དབྱིབས་མཁྲེགས་བཟུང་བྱེད་མི་རུང་། ཀྲུང་གོའི་རྣམ་པའི་དམངས་གཙོ་ནི་ཀྲུང་གོར་སྤྱོད་ཐུབ་པ་དང་སྤྱོད་གོ་ཆོད་པོ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད། གནས་བབ་གསར་པའི་འོག ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་བའི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། མི་དེ་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
དེང་གི་འཛམ་གླིང་འདི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད། དམིགས་འབེན་དང་ཇི་ཙམ་ཉེ་བ་ཡོད་པ་དང་། གནས་བབ་ཇི་ཙམ་རྙོག་འཛིང་ཆེ་བ། ལས་འགན་ཇི་ཙམ་དཀའ་ཚེགས་ལྡན་པ་བཅས་ཡིན་པའི་ཚེ། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་དེ་ཙམ་གྱིས་འདོན་སྤེལ་བྱས་ཏེ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མངའ་ཁོངས་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་སེམས་གཅིག་ཏུ་ཕྱོགས་པ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་བའི་སྡོམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྤྱིའི་བླང་བྱ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་བ་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་རྐང་དུ་བརྩི་བ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཛིན་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ངོས་འཛིན་གཅིག་མཐུན་གང་མང་གཅིག་ཏུ་བསྒྲིལ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་འཛིན་པ། མཐུན་སྒྲིལ་དང་དམངས་གཙོ་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ངོས་འཛིན་གཅིག་མཐུན་སྔར་ལས་ལེགས་པོ་ཡོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་མངའ་ཁོངས་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དེའི་སྟེང་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་བྱས་རྗེས་འཇོག་དགོས།
དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་མི་དམངས་སྲིད་གྲོས་ཀྱིས་གཤམ་གསལ་གྱི་ལས་དོན་འདི་དག་དེ་བས་ཀྱང་དམ་འཛིན་ཡག་པོ་བྱེད་དགོས་ཏེ།
དང་པོ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དོན་དག་ཡོད་ན་གྲོས་བསྡུར་བྱེད་བདེ་བ་དང་། མི་མང་གི་དོན་དག་རྣམས་མི་མང་གིས་གྲོས་བསྡུར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་འདུན་ལྟར་སྤྱིའི་བགོ་གྲངས་རྙེད་ཐུབ་པ་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་ལུགས་ཤིག་རེད་ཅེས་ངས་བཤད་མྱོང་། གྲོས་མོལ་དམངས་གཙོ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན་ཞིང་། འདེམས་བསྐོའི་དམངས་གཙོ་དང་ཕན་ཚུན་ཁ་གསབ་དང་ཆར་པ་ཆུ་གྲོགས་ལྟ་བུ་ཡིན། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་བྱེད་རིང་མཐུན་སྒྲིལ་རྒྱ་ཆེར་བྱེད་པར་སྐུལ་སྤེལ་དང་། ཏང་མང་མཉམ་ལས་ལ་སྐུལ་འདེད། མི་དམངས་དམངས་གཙོ་ལག་ལེན་བཅས་བྱེད་བཞིན་ཡོད་ཅིང་། ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱང་མཚོན་ཡོད་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོར་དོན་དག་ཡོད་ཚེ་གྲོས་བསྡུར་མང་ཙམ་བྱེད་པ་དང་། དོན་དག་བྱུང་ཚེ་གྲོས་བསྡུར་མང་ཙམ་བྱེད་པ། བྱ་བ་སྒྲུབ་སྐབས་གྲོས་མོལ་མང་ཙམ་བྱེད་པ་བཅས་ཀྱི་ཁྱད་ཆོས་དང་དགེ་མཚན་གང་ལེགས་མཚོན་ཡོད།
བསམ་འཆར་ཉན་ཐུབ་པ་དང་བསམ་འཆར་ཉན་ཕོད་པ་སྤྱི་དང་ལྷག་པར་དུ་སྐྱོན་བརྗོད་དང་ལེན་བྱེད་ཕོད་པ་དང་ལས་ཀ་ལེགས་བཅོས་བྱེད་ཕོད་པ་ནི་ཡིད་ཆེས་དང་སྟོབས་ཤུགས་ལྡན་པའི་མཚོན་ཚུལ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བར་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱེད་པ་དང་། “མཐུན་སྒྲིལ་—སྐྱོན་བརྗོད་—མཐུན་སྒྲིལ་”གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གཏམ་ལམ་རྒྱ་སྐྱེད་དང་བློ་བསྡུས་དགེ་འཚོལ་གྱིས་བསམ་བློ་དང་ལྟ་ཚུལ་མི་འདྲ་བ་གང་ལེགས་མཚོན་པ་དང་སྤེལ་རེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་བྱེད་པ་ལས་བཙན་པོ་དབང་ཡོད་མི་བྱེད་པ་དང་། སྒྲིག་ལམ་སྲུང་བ་དང་གོ་རིམ་ལྡན་པའི་གྲོས་མོལ་བྱེད་པ་ལས་རང་བཤད་རང་ཉན་མི་བྱེད་པ། བསམ་ཤེས་ཁོང་ཡངས་དང་ཟོལ་མེད་གྲོས་མོལ་བྱེད་པ་ལས་ཐལ་དྲགས་པ་དང་རང་མཐོང་མཁྲེགས་བཟུང་མི་བྱེད་པར་གང་བསམ་ལྷུག་བཤད་དང་རང་གི་ལྟ་ཚུལ་འདོན་ཐུབ་ལ། རང་གཅུན་ཚད་ལྡན་དང་ཁྲིམས་མཐུན་སྒྲིག་སྲུང་ཀྱང་བྱེད་ཐུབ་པའི་གྲོས་མོལ་གྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། བསམ་འཆར་དང་སྐྱོན་བརྗོད་སྣ་ཚོགས་ཐད་ལ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱས་ནས་ཚང་མར་བཤད་དུ་འཇུག་དགོས་ཤིང་། རྣ་བར་གཟན་པ་དང་རྣོ་ངར་ཆེ་ནའང་ང་ཚོས་རང་སྐྱོན་ཐོས་འཕྲལ་དགའ་སྣང་སྐྱེ་བའི་རྣམ་འགྱུར་བཟུང་སྟེ། སྐྱོན་ཡོད་ན་ཡོ་བསྲང་དང་མེད་ན་དོགས་ཟོན་ཐུབ་པ་བྱེད་དགོས།
མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པར་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཨུ་ཡིས་སྲིད་གཞུང་དང་སྲིད་གྲོས་དང་མཉམ་དུ་ལོ་འཁོར་གྱི་གྲོས་མོལ་འཆར་གཞིའི་ལམ་ལུགས་བཟོ་རྒྱུ་རྒྱུན་འཁྱོངས་དང་། ཐབས་ཇུས་མ་བཀོད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིང་གྲོས་མོལ་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གྲོས་ཀྱིས་གྲོས་མོལ་བྱེད་དགོས་པ་གཏན་འབེབས་ཁ་གསལ་བྱས་པའི་དོན་དག་ཡིན་ཕྱིན་ངེས་པར་དུ་གྲོས་མོལ་བྱས་རྗེས་ཐབས་ཇུས་ལག་བསྟར་བྱ་རྒྱུར་འབུལ་དགོས་པ་དང་། གྲོས་མོལ་ནང་ཞུགས་པའི་ཁྱབ་ཁོངས་དང་། གྲོས་བསྡུར་གྱི་རྩ་དོན། གཞི་རྩའི་གོ་རིམ། སྤེལ་རེས་བྱེད་ཐབས་སོགས་གཏན་འབེབས་ཁ་གསལ་བྱེད་དགོས།
གཉིས་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ངོས་འཛིན་གཅིག་མཐུན་གང་མང་ཡོང་བ་བྱེད་དགོས། བློ་མཐུན་མའོ་ཙེ་ཏུང་གིས་ཆབ་སྲིད་ཟེར་བ་ནི་ང་ཚོར་བརྩི་བཀུར་བྱེད་མཁན་མང་པོ་ཡོང་བ་བྱེད་པ་དང་། ང་ཚོར་ངོ་རྒོལ་བྱེད་མཁན་ཉུང་ཉུང་ཞིག་ལས་མི་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། ང་ཚོའི་ཏང་གིས་གསར་བརྗེ། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་འགོ་ཁྲིད་དེ་གྲུབ་འབྲས་ཐོབ་པ་ནི་འདི་ལ་བརྟེན་པ་ཡིན། དུས་རབས་གསར་པའི་ཆ་རྐྱེན་འོག་ང་ཚོས་མུ་མཐུད་ནས་མདུན་སྐྱོད་བྱེད་དགོས་ན། ངེས་པར་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟབ་ཏུ་བཏང་ནས་སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་དགོས།
ཚང་མ་མཐུན་སྒྲིལ་བྱེད་ཐུབ་དགོས་ན་བསམ་བློའི་ཁྲིད་སྟོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ལས་དོན་ནུས་ལྡན་བསྒྲུབས་པ་བརྒྱུད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིའི་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་གང་ཐུབ་བྱེད་དགོས། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་རྣམས་ལ་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་། སྐབས་དོན་སྲིད་ཇུས་སློབ་སྦྱོང་། ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་དང་ཁྱོན་ཡོངས་ཀྱི་ལྟ་བ་ཡང་དག་པ་འཛུགས་དགོས་པའི་ཁྲིད་སྟོན་བྱེད་དགོས།
བསམ་བློ་དང་ཆབ་སྲིད་ཐོག་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བར་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས། གཅིག་གྱུར་རང་བཞིན་ནི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གཅིག་གྱུར་ཡོང་བ་ཡིན་པ་དང་། སྣ་མང་རང་བཞིན་ནི་ཁེ་ཕན་སྣ་མང་དང་བསམ་བློ་སྣ་མང་གི་མཚོན་ཚུལ་ཡིན་ཞིང་། སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་རིམ་ཁྲོད་གཅིག་གྱུར་རང་བཞིན་ཡོང་བ་བྱེད་དགོས་པ་ལས་“གཅིག་པ་གཅིག་རྐྱང་”བྱེད་མི་རུང་། འཐབ་ཕྱོགས་གཅིག་གྱུར་ནང་ཁུལ་གྱི་བསམ་བློའི་འཁོར་ཕྱོགས་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། ཚོར་སྣང་སྐྱེན་ས་དང་། ཉེན་ཁ་ཡོད་ས། དོ་ཁུར་བྱེད་ས་བཅས་ཀྱི་ཐད་ནས་བསམ་བློ་དང་ཆབ་སྲིད་ཐོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱུན་ལྡན་རང་བཞིན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་མཐུན་པ་གཅིག་སྒྲིལ་དང་མི་མཐུན་པ་སེལ་ཐབས་བྱས་ཏེ་ཏང་ཤོག་དང་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་རྣམས་བསམ་བློའི་ཐོག་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ལས་རིགས་ཁག་གི་མང་ཚོགས་དང་རྒྱ་ཁྱབ་ཏུ་འབྲེལ་གཏུག་དང་སྐུལ་སློང་བྱས་ཏེ་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་འབྲེལ་བ་མཐུན་སྦྱོར་དང་། བསམ་ཚུལ་མཐུན་སྦྱོར། འགལ་བ་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་དགོས། ཨུ་ཡོན་གཞི་རིམ་དུ་ཟབ་ཞུགས་དང་རིགས་ཁོངས་ཀྱི་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་གོང་ཞུ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བཅས་བྱེད་དགོས།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། སྲིད་ཏང་ལམ་ལུགས་གསར་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དམངས་གཙོའི་ཏང་ཤོག་ཁག་གིས་ང་ཚོའི་ཏང་ཤོག་གི་མིང་ཐོག་ནས་སྲིད་གྲོས་ལ་བསམ་འཆར་འདོན་པ་དང་གྲོས་འགོ་འདོན་པར་ལམ་སྲོལ་རང་བཞིན་གྱི་བཀོད་སྒྲིག་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་དང་འབྲེལ་གཏུག་དང་འབྲེལ་འདྲིས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་བར་འབྲེལ་གཏུག་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་ལ་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་འགོ་གཙོས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་“དགུ་གཉིས་ཐུན་མོང་ལྟ་བ་”རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་གླིང་ཕྲན་ནང་གི་འབྲེལ་ཡོད་ཏང་ཤོག་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། ལས་རིགས་ཁག་གི་མི་སྣ་བཅས་དང་སྤེལ་རེས་དང་འབྲེལ་གཏུག་བྱེད་རྒྱ་ཆེ་རུ་གཏོང་བ། མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རྣམ་པ་གང་རུང་གི་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཕྱིར་སྡོད་སྤུན་ཟླར་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ་ཕྱིར་སྡོད་སྤུན་ཟླའི་འཐུས་མི་སྲིད་གྲོས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་དགོས། ཕྱི་ཕྱོགས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་དྲང་ནུས་འདོན་སྤྲོད་བྱེད་དགོས།
གསུམ་པ། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། སྲིད་གྲོས་ཨུ་ཡོན་ནི་ཏང་ཤོག་ཁག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ཡིན་པས་ཕྱོགས་ཁག་གིས་གྲོས་མོལ་གཟབ་ནན་བྱས་ནས་ཐོན་པ་ཡིན་པ་དང་། ལས་རིགས་ཁག་གི་མང་ཚོགས་ཀྱི་ཚབ་བྱས་ནས་རྒྱལ་ཇུས་ལ་ཞུགས་པ་དང་འགན་འཁྲི་སྒྲུབ་ཀྱིན་ཡོད། འདི་ནི་མཚན་སྙན་ཡིན་ལ་དེ་བས་ཀྱང་འགན་འཁྲི་ཡིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་ཀྱི་བརྩེ་སེམས་འཆང་བ་རྒྱུན་འཁྱོངས་བྱས་ཏེ་བྱ་གཞག་ཡིད་ལ་འཇོག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ཨུ་ཡོན་གྱི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་བཅས་བྱེད་དགོས།
སྲིད་གྲོས་ཨུ་ཡོན་ནི་ཕྱོགས་མང་པོ་ནས་འོང་བ་ཡིན་སྟབས་གནད་དོན་ཁ་ཤས་ལ་འཛིན་པའི་ལྟ་སྟངས་དང་ངོས་འཛིན་གཅིག་འདྲ་ཡོང་ཐུབ་པར་མ་ངེས་མོད། འོན་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡིན་དགོས་ལ་ཆབ་སྲིད་ཀྱི་རྩ་དོན་གཡོ་འགུལ་བྱེད་མི་རུང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་པོ་བཅས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དང་། བསམ་བློ། རིགས་པའི་གཞུང་ལུགས། བརྩེ་དུང་བཅས་ལ་མོས་སེམས་འཆང་ཚད་ཟམ་མི་འཆད་པར་ཆེ་རུ་གཏོང་དགོས། བསམ་བློའི་ཆུ་ཚད་དང་ངོས་འཛིན་བྱེད་ནུས་ཟམ་མི་འཆད་པར་ཆེ་རུ་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་རྒྱ་ཁྱབ་ཏུ་སློབ་སྦྱོང་། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་སྟངས་དང་བྱེད་ཐབས་ཁོང་དུ་ཡང་དག་ཆུད་པ། བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་རིགས་ཁོངས་ཀྱི་མང་ཚོགས་ཁྲོད་དུ་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་དང་། དབུལ་སྐྱོར་དཀའ་སེལ་གྱི་ལས་ཀ་མང་ཙམ་སྒྲུབ་པ་དང་། དཔྱིད་རླུང་ལ་བརྟེན་ནས་ཆར་པ་འབེབས་པ་དང་དོགས་པ་སེལ་བའི་ལས་ཀ་མང་ཙམ་སྒྲུབ་པ། བསམ་ཚུལ་མཐུན་སྦྱོར་དང་འགལ་བ་སེལ་བའི་ལས་ཀ་མང་ཙམ་སྒྲུབ་དགོས། རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་གྲོས་ཀྱི་སྒྲིག་ཡིག་བཅས་ལ་བརྩི་སྲུང་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་བ། ཀུན་སྤྱོད་དང་གཤིས་སྤྱོད་ཞུན་བརྡར་བྱེད་པ། སྤྱོད་གཙང་རང་གཅུན་ནན་པོ་བྱེད་པ་བཅས་དང་དཔེ་བཟང་གི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་ཐུབ་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
རིམ་པ་ཁག་གི་ཏང་ཨུས་མི་དམངས་སྲིད་གྲོས་ཀྱི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་སྟེ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་དུས་བཀག་ལྟར་སྲིད་གྲོས་ཏང་ཙུའུ་ཡི་ལས་དོན་སྒྲུབ་ཚུལ་ལ་ཉན་པ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་སོགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གྲོས་རྩ་འཛུགས་ཀྱིས་ལས་དོན་སྤེལ་བར་མཐུན་རྐྱེན་བསྐྲུན་དགོས་པ་དང་། སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས་ཤིང་། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱི་རྨང་གཞིའི་ལས་ཀ་ཞན་པ་དང་མི་སྣའི་སྟོབས་ཤུགས་ཞན་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས། ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སྲིད་གྲོས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་པ་དང་། སྣེ་ཁྲིད་དེ་ཏང་ཕྱིའི་གྲོགས་པོ་དང་འབྲེལ་གཏུག་རྒྱ་ཁྱབ་དང་གཏིང་ཟབ་བྱེད་དགོས། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་སོགས་དང་། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྲིད་གྲོས་རྩ་འཛུགས་དང་འབྲེལ་འདྲིས་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྡོམ་ཤུགས་ཆགས་པར་བྱེད་དགོས། དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་ཏང་ཀྲུང་དབྱང་གིས་ཆེད་དུ་ཡིག་ཆ་པར་འགྲེམ་བྱ་རྒྱུ་ཡིན་ལ་ཚང་མས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
སྲིད་གྲོས་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མི་དམངས་སྲིད་གྲོས་ཀྱི་ཁྲོད་དུ་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་འགོ་ཁྲིད་བྱས་ཏེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ནས་སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་70ཡི་གོང་ཀྲུང་གོ་གསར་པའི་སྐྱ་མདའ་གཏོང་སྐབས་ཀྲུང་གོའི་གུང་ཁྲན་ཏང་གིས་གནས་བབ་ཆེན་པོ་དང་བསྟུན་ནས་ཕྱོགས་ཁག་ལ་མཐུན་སྒྲིལ་བྱས་ཏེ་གྲོས་མོལ་གྱིས་རྒྱལ་ཁབ་འཛུགས་པ་དང་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་པའི་དུས་རབས་གསར་པ་བཏོད་ཡོད། ལོ་ངོ་70རྗེས་ཀྱི་དེ་རིང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མུ་མཐུད་དུ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ་བློ་གཅིག་སེམས་གཅིག་དང་ཐུན་མོང་ཐོག་ལས་དོན་རླབས་པོ་ཆེ་བསྒྲུབ་རྒྱུ་རེད། ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ནང་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་གལ་འགངས་ཆེ་བ་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱས་ཏེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་ཡིད་སྨོན་མངོན་འགྱུར་བཅས་བྱེད་པའི་ཆེད་དུ་མུ་མཐུད་དུ་འབད་འཐབ་བྱེད་པའི་རེ་བ་བྱ་རྒྱུ་ཡིན།