ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱོགས་བསྡོམས་བྱེད་སྐབས་བསྟན་དོན། ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་དང་ཞིན་སྐྱོང་ཇུས་གཞི་ཆེན་མོ་གཏན་འཁེལ་བྱེད་པ། དྲང་སྙོམས་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་དུ་སྤེལ་བ། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་སྤེལ་བཅས་བྱེད་དགོས། 2021ལོའི་ཟླ་8ཚེས་27ཉིན་ནས་ཚེས་28ཉིན་བར་འཚོགས་པའི་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་མི་རིགས་ལས་དོན་གྱི་ལོ་བརྒྱའི་ལོ་རྒྱུས་བཤུལ་ལམ་དང་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་བསྡོམས་ཀྱི་སྒོ་ནས་བཏོན་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ནི་ཏང་གི་མི་རིགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ངེས་པར་དུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལོ་བརྒྱའི་ལོ་རྒྱུས་བཤུལ་ལམ་ལ་ཕྱིར་མིག་བལྟས་ན། ཏང་གི་མི་རིགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་ཡོད་པ་དེ་ཡིན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་དུས་ཡུན་རིང་པོ་ཞིག་ལ་གནས་རྒྱུ་ཡིན་ཞིང་། འདི་ནི་རང་རྒྱལ་གྱི་རྩ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ཆེ་ཤོས་ཡིན་པ་དང་། ང་ཚོས་ཡང་དག་པའི་སྒོ་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་གཞི་འཛིན་སའང་ཡིན།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་ནས་བསགས་པའི་ཉམས་མྱོང་རྩ་ཆེན་ཁོང་དུ་ཟབ་མོར་ཆུད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྒྱུར་བཅོས་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་སོགས་ཀྱི་འདུ་ཤེས་ནན་བཤད་གནང་བ་དང་། གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱང་ཡིན་པའི་སྒོ་ནས་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྐོར་གྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་པས། མི་རིགས་གནད་དོན་ཁོང་དུ་ཆུད་པ་དང་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་ཉམས་མྱོང་རྩ་ཆེན་བསགས་ཤིང་། ཏང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་འདི་ཉིད་ནི་ཏང་གི་མི་རིགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པས། ངེས་པར་དུ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་ཅི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱ་ཇེ་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པའི་ལོ་རྒྱུས་གནས་ཕྱོགས་ཁོང་དུ་ཟབ་མོར་ཆུད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་གནས་ཕྱོགས་ཁོང་དུ་ཆུད་དགོས། ད་ལྟའི་ཆར་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། འདི་ནི་ད་ལྟའི་དུས་རིམ་གྱི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་གནས་ཕྱོགས་ཡིན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཏང་གི་མི་རིགས་ལས་དོན་ལེགས་པོ་སྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་བརྟན་སྲུང་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བཅས་དང་འབྲེལ་བ་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་འཐབ་ཇུས་ངེས་གནས་ཡང་དག་པ་ཁོང་དུ་ཆུད་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ཐོག་ཏུ་འབབ་སར་བྱས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་འགན་ཁག་གཅིག་འདོམས་ཀྱིས་ཇུས་འགོད་དང་དོན་འཁྱོལ་ཡག་པོ་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པར་མདུན་དུ་ལྷགས་པའི་འགན་འཁྲི་གལ་ཆེན་ལ་ཁོང་དུ་ཟབ་མོར་ཆུད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གསར་དུ་བསྐྲུན་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དུ་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་བག་ཉལ་འགལ་རྐྱེན་འགོག་ཟོན་དང་སེལ་ཐབས་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་ནན་གསུང་གནང་བ་རེད། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ནི་ངེས་པར་དུ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འགན་འཁྲི་གལ་ཆེན་ལ་དམ་པོར་དམིགས་དགོས་པ་དང་། གནད་འཁེལ་ཤུགས་འདོན་དང་རང་འགན་ལྷུར་ལེན་བྱས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བའི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་དགོས།
གཉིས། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཡིན། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ན་མི་སུ་ཞིག་དང་ཆབ་སྲིད་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ང་ཚོའི་མི་རིགས་ཀྱི་འབྲེལ་བར་དཀྲུགས་ཤིང་རྒྱག་མི་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་དང་གཅིག་གྱུར་ལ་ཆབ་སྲིད་ཀྱི་ཐོག་ནས་འགན་སྲུང་གང་ལེགས་ཡོད་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད།
ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་བྱེད་པོའི་འགན་འཁྲི་ལ་ཤུགས་སྣོན་རྒྱག་རྒྱུ་ནན་ཏན་གྱིས་ལག་བསྟར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱིས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པར་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་དམ་པོར་འཛིན་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་འགན་ལེན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་རིགས་ལས་དོན་ལ་ཐུན་མོང་གིས་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པར་ཤུགས་སྣོན་རྒྱག་པ། ཉིན་རྒྱུན་གྱི་ལས་ཀ་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་བ། དོན་དག་གལ་ཆེན་དང་ཆེད་དམིགས་ལས་ཀར་ཆེད་དོན་སྙན་ཞུ་འབུལ་བ་བཅས་བྱས་ནས་རང་འགུལ་གྱིས་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་གྲུབ་འབྲས་གསར་ཤོས་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་ནི་ད་ལྟའི་ཆར་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དེའི་དོན་གནད་གཙོ་བོ་དང་། དགོངས་དོན་གྱི་སྙིང་པོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་དང་ལག་ལེན་གྱི་བླང་བྱར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཡང་དག་པ་ཁོང་དུ་ཆུད་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གྲུབ་འབྲས་གསར་པས་སྔར་ལས་ལྷག་པར་ལག་ལེན་ལ་སློབ་སྟོན་དང་ལས་ཀར་སྐུལ་འདེད་གཏོང་དགོས།
དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་དགོས། ཐེངས་འདིའི་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཐོག་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་བག་ཉལ་འགལ་རྐྱེན་ཚབས་ཆེན་མཐའ་གཅིག་ཏུ་འགོག་ཟོན་སོགས་ལས་འགན་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་ལ་དམ་པོར་དམིགས་ནས། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་ཚབ། ཕྱི་ཕྱོགས་ལ་སྤེལ་རེས་སོགས་ཀྱི་ལས་དོན་ནན་ཏན་གྱིས་ལེགས་པོ་སྒྲུབ་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ནས་འབྲས་བུ་ཐོབ་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།
གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་“ཆིངས་”ཡིན་པ་དང་། ལས་དོན་ཡོད་ཚད་དེར་རྩེ་གཅིག་ཏུ་དམིགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་རྒྱུས་རིག་གནས་དང་མི་རིགས་གོང་འཕེལ་གྱི་ཆོས་ཉིད་ཁོང་དུ་ཟབ་མོ་ཆུད་པའི་རྨང་གཞིའི་ཐོག་བཏོན་པའི་སྔར་མེད་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སྲོག་ཤིང་གི་ལྟ་བ་ཡིན་ལ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་བསྲུང་བྱ་གལ་ཆེན་ཞིག་ཡིན།
ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་དང་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་“ཐུན་མོང་བཞི་”ཡི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡང་དག་པར་ཤེས་རྟོགས། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་སྣ་མང་གཞི་གཅིག་ཡང་དག་པར་ཤེས་རྟོགས། ཀྲུང་ཧྭའི་ཤེས་དཔལ་གྱི་མཚར་སྡུག་ལྡན་པའི་གྲུབ་འབྲས་དང་མིའི་རིགས་ཀྱི་ཤེས་དཔལ་ལ་བཞག་པའི་ལེགས་སྐྱེས་གལ་ཆེན་ཡང་དག་པར་ཤེས་རྟོགས་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཏན་ཏིག་གིས་ཇེ་དྲག་གཏོང་དགོས། ལོ་རྒྱུས་དོན་སྟོང་རིང་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། ནུབ་ཕྱོགས་ཀྱི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་གྱིས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཁྱོག་བརྗོད་དང་ལོ་རྒྱུས་ཀྱི་གྲུབ་གཞི་གཏོར་བར་དོགས་ཟོན་དང་སྔོན་འགོག་བྱེད་པ། ཐལ་སྐྱོད་དང་ཁ་ཕྲལ་གྱི་བསམ་བློ་སྣ་ཚོགས་ཀྱིས་སིམ་འཛུལ་དང་རྩ་སློག་གཏོང་བར་ནུས་ལྡན་གྱིས་བཀག་འགོག་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་གཏིང་ཟབ་དང་ལག་ལེན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སྙིང་པོར་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྙིང་པོར་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་རྟོགས་ཀྱིས་ཐུན་མོང་གི་ཕུགས་བསམ་དང་དད་སེམས་སྤྱད་ནས་སེམས་པ་གཅིག་ཏུ་བསྒྲིལ་བ་དང་བླ་སྲོག་གསོ་བ་དང་། སྙིང་སྟོབས་ཀྱི་ཁྲག་རྒྱུན་མུ་མཐུད་དུ་གནས་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་སྒྲོག་སློབ་གསོའི་མ་ལག་དང་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་ནང་དུ་འཇུག་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་སྔོག་འདོན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ལ་ཐུན་མོང་དུ་ཡོད་པ་དང་མཉམ་དུ་སྤྱོད་པའི་ཀྲུང་ཧྭའི་རིག་གནས་ཀྱི་བརྡ་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བཞེངས་རྒྱུ་དང་འབུར་དུ་ཐོན་པར་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་ཀྱི་མོས་མཐུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། དེང་རབས་ཤེས་དཔལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བསམ་བློའི་འདུ་ཤེས་དང་། བསམ་པའི་བརྩེ་དུང་། འཚོ་བ་སྐྱེལ་སྟངས་བཅས་ཀྱི་ཐད་ནས་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས།
མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་གཏོང་དགོས། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་པ་དང་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁོངས་བགོ་སྒྲིག་བཅས་གཅིག་གྱུར་འཆར་འགོད་བྱེད་པ། མི་རིགས་ཁག་མཉམ་སྡོད་མཉམ་སློབ་དང་། མཉམ་སྒྲུབ་མཉམ་སྤྲོ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ནས། མི་རིགས་ཁག་བར་སྟོང་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཐད་ཕྱོགས་མཐའ་ཀུན་ནས་གཅིག་ལ་གཅིག་བརྟེན་ཡོང་རྒྱུ་རིམ་བཞིན་མངོན་འགྱུར་བྱེད་དགོས། ལས་ཞུགས་དང་། སློབ་ཞུགས། བདེ་སྡོད་སོགས་ཀྱི་ཕྱོགས་ནས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དུས་བསྟུན་མདུན་སྐྱོད་ཀྱིས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་འབོར་ཕྱོགས་གཉིས་ཕན་ཚུན་སྤོ་བ་དང་འཁོར་རྒྱུག་བྱེད་པར་སྐུལ་ཁྲིད་དང་བསྔགས་སྐུལ་བྱེད་པ། མི་རིགས་ཁག་གི་མི་འབོར་འཁོར་རྒྱུག་དང་འདྲེས་སྡོད་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྱབ་ཚད་དང་ཟབ་ཚད་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་གྲོང་ཁྱེར་ནང་བསྡུ་ལེན་བྱེད་པར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ལམ་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་འཁོར་རྒྱུག་དེ་གྲོང་ཁྱེར་གྱི་མི་འབོར་འཁོར་རྒྱུག་གི་ཞབས་ཞུའི་མ་ལག་ནང་འཇུག་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལུགས་མཐུན་གྱིས་གཟིགས་སྐྱོང་བྱེད་པ། དམིགས་བཙུགས་ཀྱི་མི་རིགས་ཀྱི་ཐོབ་ཐང་གང་རུང་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་ལས་དོན་གཏིང་ཟབ་ཅིང་ནུས་ལྡན་གྱིས་སྤེལ་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ཕུགས་བསམ་དང་། དད་མོས། བརྩེ་དུང་། རིག་གནས་བཅས་ཐད་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་སྐུལ་སྤེལ་གཏོང་བ། ཕན་ཚུན་ལྟ་སྐྱོང་དང་སྤུན་ཟླའི་བརྩེ་བ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ནི་མོས་མཐུན་བྱེད་ཚད་སྔར་ལས་མཐོ་བ་དང་གོང་བུར་འགྲིལ་ཤུགས་སྔར་ལས་དྲག་པའི་ལས་དབང་གཅིག་མཐུན་ཚོགས་པར་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
བཞི། མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་།ཏང་གི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། མི་རིགས་56མཉམ་དུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་པ་དེས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད། དེ་དང་ཆབས་ཅིག ལོ་རྒྱུས་དང་ས་ཁམས་སོགས་ཕྱོགས་མང་པོའི་ཐད་ཀྱི་རྒྱུ་རྐྱེན་གྱིས་མི་རིགས་ས་ཁུལ་དུ་ད་དུང་དཔལ་འབྱོར་རྨང་གཞི་ཞན་པ་དང་། ཐོན་ལས་ཀྱི་བང་རིམ་ཅུང་དམའ་བ། ཤེས་ལྡན་མི་སྣའི་འདེགས་སྐྱོར་མི་འདང་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད་པའང་མཐོང་ཐུབ་དགོས། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱིས་མི་རིགས་ཁག་གིས་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་འགྱུར་བར་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བའི་གོ་དོན་ཟབ་མོ་ཡང་དག་པ་ཁོང་དུ་ཆུད་པ་དང་། རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྔར་ལས་ལེགས་པར་སྐུལ་སྤེལ་གཏོང་དགོས།
མི་རིགས་ས་ཁུལ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁྱད་པར་དབྱེ་བའི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་པ་ལེགས་སྒྱུར་བྱེད་པ། ཤར་ནུབ་རྒྱུད་མཉམ་ལས་དང་གནས་འཁེལ་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ། མི་རིགས་ས་ཁུལ་དུ་སྒྱུར་བཅོས་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། བལྟོས་བཅས་མཐུན་རྐྱེན་བཟང་པོ་སོགས་དོན་དངོས་ལ་གཞི་ཚུགས་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་སྤེལ་གཏོང་བའི་འཇུག་སྒོ་དང་ཤུགས་འདོན་ས་མི་ནོར་བར་བྱེད་པ། རང་འགུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་བྱེད་པ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་སྔར་ལས་ལེགས་པར་བེད་སྤྱོད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་རྒྱུ་ཇེ་མགྱོགས་སུ་གཏོང་བ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་པོ་བཅས་ཀྱི་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པ་ཞིག་གཏོད་པ་བཅས་བྱེད་དགོས།
སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཞན་ཆ་ཤུགས་ཆེན་གྱིས་གསབ་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ས་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་རྒྱབ་སྐྱོར་བྱེད་དགོས་པ། མཐའ་རྒྱུད་གསར་འབྱེད་དང་སྒོ་འབྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་གཏིང་ཟབ་ཀྱིས་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།
མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱེད་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ཞིང་། ཐུན་མོང་རང་བཞིན་གོང་དུ་སྤེལ་བའི་རྩ་དོན་ལྟར། མི་རིགས་ལས་དོན་གྱིས་ཡང་དག་པའི་སྒོ་ནས་དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མངོན་པའི་དོན་སྙིང་དང་། སྲུང་སྐྱོང་གཅིག་གྱུར་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་བའི་དོན་སྙིང་བཅས་བསྩལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཞོམ་གཞིག་མེད་པར་བྱེད་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་གཞིར་བཟུང་ཞིང་། དྲང་སྙོམས་དྲང་གཞག་རྩ་དོན་དུ་བྱས་ནས། ས་ཁོངས་ཅན་དང་གནད་འཁེལ་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། དམིགས་བཙུགས་ས་ཁུལ་དང་། དམིགས་བསལ་གནད་དོན། དོན་ཚན་ཁྱད་པར་ཅན་བཅས་ལ་དེ་ལས་མང་བར་དམིགས་པ། ཁྱད་པར་དབྱེ་བའི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་ཡོང་བར་བྱེད་དགོས།
ལྔ། མི་རིགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན། མིག་སྔར། རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་ནུས་ལྡན་གྱི་བཅའ་ཁྲིམས་ཁྲོད། བཅའ་ཁྲིམས་90ལྷག་གིས་མི་རིགས་གནད་དོན་ཐད་ཆོད་དོན་བཞག་ཅིང་། མི་རིགས་རང་སྐྱོང་ས་གནས་ཀྱིས་ཀྱང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་སྐྱོང་སྲོལ་ཡིག་139དང་གཅིག་སྤྱོད་སྲོལ་ཡིག་900ལྷག་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག་གནས་བབ་གསར་པ་དང་ལས་འགན་གསར་པ་དང་ཕན་ཚུན་བསྡུར་ན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལའང་མི་འཚམ་ས་ཡོད་པའང་མཐོང་ཐུབ་དགོས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། མི་རིགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བར་ཤུགས་རྒྱག་དགོས།
མི་རིགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་དགོས། རྩ་ཁྲིམས་ཉིད་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་གཙོ་རྐང་འདིར་དམིགས་ནས། ཕྱོགས་ཡོངས་ནས་མི་རིགས་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་དང་མི་འདང་ས་ཞིབ་བརྟག་བྱེད་པ་དང་། མི་རིགས་ལས་དོན་དང་འབྲེལ་བའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གྱི་ཁྲིམས་འཛུགས་དང་། ཁྲིམས་བཅོས། ཁྲིམས་འདོར། ཁྲིམས་འགྲེལ་སོགས་ཀྱི་ལས་ཀར་གོ་རིམ་ལྡན་པར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བླང་བྱ་ཁག་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མ་ལག་ཧྲིལ་པོའི་ནང་འདྲེས་པར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་སྡེ་ཁག་བར་མཉམ་ལས་རོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲབས་ཐོའི་འདྲི་དཔྱོད་ལམ་ལུགས་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོན་པོའི་གྲབས་ཐོའི་འདྲི་དཔྱོད་ལས་ཀས་མི་རིགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་བཟོ་རྒྱུར་སྐུལ་འདེད་གཏོང་དགོས།
མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་རིགས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་སྒོས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཁྲིམས་བསྟར་ནན་མོར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། ཁྲིམས་འགལ་བྱས་ཉེས་བསགས་པའི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པར་བྱེད་དགོས། ལས་ཀའི་ཁྲོད་“གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བའི་སྤྱིར་བཏང་རང་བཞིན་གྱི་སྤྱི་ཚོགས་དོན་དག་གི་ལས་ཀ་དེ་སྟབས་བདེའི་སྒོ་ནས་མི་རིགས་ལས་དོན་དུ་སྙིང་བསྡུས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བའི་དམངས་དོན་དང་ཉེས་དོན་གནད་དོན་དེ་སྟབས་བདེའི་སྒོ་ནས་མི་རིགས་གནད་དོན་དུ་སྙིང་བསྡུས་བྱེད་པ། མི་རིགས་ས་ཁུལ་དུ་བྱུང་བའི་སྤྱིར་བཏང་གི་འགལ་བ་དང་རྩོད་གཞི་དེ་སྟབས་བདེའི་སྒོ་ནས་མི་རིགས་ཀྱི་འགལ་བར་སྙིང་བསྡུས་བྱེད་པ་”བཅས་ཀྱི་འཕེལ་ཕྱོགས་དང་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཞིན་འབྲེལ་བོད་འབྲེལ་སོགས་“མི་རིགས་གནད་དོན་”ཟེར་བའི་ཐོག་ནས་བཅའ་ཁྲིམས་ཀྱི་རྩེད་ཤོག་རྩེ་བ་དང་། མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཁ་གཡར་ནས་ང་ཚོར་གང་བྱུང་དུ་བཀག་འགོག་དང་མགོ་གནོན་པའི་གནས་བབ་ཛ་དྲག་ལ་དམིགས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། སྲོག་ཤིང་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་ནས་འགོ་རྩོམ་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་བསམ་གཞིགས་ཤུགས་ཆེར་གཏོང་བ། ཁྲིམས་སྐྱོང་བྱེད་ཐབས་བེད་སྤྱོད་པ། འབྲེལ་ཡོད་ཁྲིམས་འཛུགས་དང་བཅའ་ཁྲིམས་དག་བཅོས་ཀྱི་ལས་ཀ་སྤེལ་བར་སྐུལ་འདེད། བཅའ་ཁྲིམས་འཐབ་རྩོད་ཀྱི་ལག་ཆའི་མཛོད་ཕུན་སུམ་ཚོགས་པར་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བར་བཅའ་ཁྲིམས་ཀྱི་མཚོན་ཆ་ནུས་ལྡན་འདོན་སྤྲོད་བྱེད་དགོས།
དྲུག མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བློ་ཐག་རྦད་ཆོད་ཡིན་པ་དང་། ཡིན་མིན་གསལ་འབྱེད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་བའི་བརྩེ་དུང་ཧ་ཅང་རྣམ་དག་ཡིན་པ་བཅས་ཀྱི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱས་ནས། རིམ་པ་ཁག་གི་འགོ་ཁྲིད་དབང་ཆ་དེ་རྣམ་དག་དང་སྤྱོད་གཙང་དང་ཁུར་སེམས་ཡོད་པའི་ལས་བྱེད་པའི་ལག་ཏུ་ཡོད་པ་འགན་ལེན་བྱེད་དགོས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། བྱང་ཚད་མཐོ་བའི་མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་དང་སྦྱོར་བརྡར་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། ཏང་གིས་ལས་བྱེད་པ་དོ་དམ་བྱེད་པའི་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར། ནུས་པ་ཆེན་པོ་འདོན་ཐུབ་ལ་འགན་ལྗིད་པོ་འཁུར་ཐུབ་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་སྡེ་ཞུན་བརྡར་བྱེད་དགོས།
ཆབ་སྲིད་ཐོག་ནས་རིག་པ་གསལ་ཞིང་བློ་རྩ་བརྟན་དགོས། ཏང་གི་མི་རིགས་ལས་དོན་གྱི་ཆབ་སྲིད་རང་བཞིན་ཆེ་བས་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་བྱེད་པ་ནི་ཐོག་མར་ཆབ་སྲིད་ཐོག་ནས་རིག་པ་གསལ་ཞིང་བློ་རྩ་བརྟན་དགོས། ད་ལྟའི་ཆར་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། འོན་ཀྱང་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་བག་ཉལ་འགལ་རྐྱེན་སྔར་བཞིན་གནས་པས་ཁ་ཕྲལ་ལ་འཐབ་རྩོད་བྱེད་པའི་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བ་རེད། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བློ་ཐག་རྦད་ཆོད་ཡིན་པ་དང་། ཡིན་མིན་གསལ་འབྱེད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ན་ད་གཟོད་འགག་རྩའི་དུས་སྐབས་དང་འགག་རྩའི་ལས་ཀའི་ཁྲོད་ཡིད་ཆེས་བརྟན་པོ་དང་ཁ་ཕྱོགས་ཡང་དག་པར་ཟིན་ཐུབ། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་གསུམ་གྱི་ཐད་དུ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས།
ལས་སྒོའི་ཐད་ནས་བསླབ་ལ་བརྩོན་ཞིང་བྱང་ཆུབ་པར་བྱེད་དགོས། མི་རིགས་ལས་དོན་གྱི་སྲིད་ཇུས་རང་བཞིན་ཆེ་བས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་གཏིང་ཟབ་སྒོས་སྐུལ་འདེད་དང་ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་དང་བསྟུན་ནས། མི་རིགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་རེད། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་གནས་བབ་གསར་པར་འཚམ་མཐུན་དང་ལས་འགན་གསར་པ་འགན་ཁུར་ཐུབ་པའི་འཇོན་ཐང་ངོ་མ་ཡོད་དགོས། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ནས། ལས་ཀའི་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གི་ཁྲོད་ལས་ཀ་སྒྲུབ་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པའི་ཕྱོགས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ། རང་འཁྲིའི་ལས་ཀ་ལེགས་པོ་སྒྲུབ་པ་དང་འབྲེལ་བ་ཡོད་པའི་ཤེས་བྱ་གསར་པ་དང་ནུས་རྩལ་གསར་པ་སློབ་སྦྱོང་བྱེད་པ། རང་འགན་ལྷུར་ལེན་ལ་ངེས་པར་མཁོ་བའི་ཤེས་བྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཁྱད་པར་དུ་མི་རིགས་ལས་དོན་ཁྱབ་ཁོངས་སུ་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བྱེད་ཐབས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ནན་ཏན་གྱིས་ཕྱོགས་བསྡོམས་བྱེད་པ། མི་རིགས་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྲུན་ཧུར་ཐག་དང་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།
སྤྱོད་ཚུལ་ཐོག་ནས་དམ་པ་དོན་གཉེར་དང་ཉམས་སད་ཐེག་ཐུབ་དགོས། མི་རིགས་ལས་དོན་ནི་མཐར་གཏུག་ན་མིའི་སྐོར་གྱི་ལས་དོན་ཡིན་པས། ངེས་པར་དུ་ལས་བྱེད་པ་བཟང་པོ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྐུལ་འདེད་དང་དོན་འཁྱོལ་བྱེད་དགོས། མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་ལས་བྱེད་པས་ཐོག་མའི་བསམ་འདུན་བརྟན་པོར་སྲུང་དགོས་པ་དང་། དུས་ནམ་ཡང་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་དུང་རྣམ་དག་འཆང་བ་མཐའ་འཁྱོངས་བྱས་ནས། ཞིབ་ཚགས་དང་ཏན་ཏིག་གི་ལས་ཀས་མི་སེམས་ལ་དྲོ་སྐྱིད་སྟེར་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། མི་སེམས་བརྩོན་ལེན་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་དང་། བསམ་ཚུལ། རེ་ལྟོས་བཅས་ལ་ཧུར་ཐག་གིས་རྒྱུས་ལོན་དང་ཨ་ལན་སློག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ལ་རོགས་རམ་བྱས་ནས་ཐག་གཅོད་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
རྩོམ་པ་པོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། འབྲུག་ཕྱུག་ཚེ་རིང་གིས་བསྒྱུར།