འབར་ཁམས་རིམ་པ་6.0ཅན་གྱི་ཚོམ་འགུལ་གནོད་སེལ་གྱི་དངོས་བྲིས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-15



 

    ས་འགུལ་བྱུང་མ་ཐག ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་འཁོར་དང་བཅས་པས་མེ་གསོད་དང་མཁོ་བསྟུན། འགྲིམ་འགྲུལ། རང་བྱུང་ཐོན་ཁུངས་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཁྲིད་དེ། དུས་ཡུན་སྐར་ཆ་ཙམ་ཡང་མ་འགྱངས་པར་ས་འགུལ་གནོད་ཁུལ་དུ་ཕེབས་ནས་གནོད་སེལ་དང་རོགས་སྐྱོབ་ཀྱི་ལས་ལ་ཞུགས། ཏང་ཡོན་དང་དམག་དཔུང་། ཉེན་རྟོག་པ་བཅས་ཀྱིས་རླུང་སྤུ་གྲིར་འགྲན་པའི་མྱུར་ཞག་དང་བཅས་མདུན་དུ་བརྒྱུགས་ཤིེང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་མཉམ་དུ་ཕན་ཚུན་རོགས་རེས་བྱས་ཏེ། ཁྱིམ་གཞིས་སྲུང་སྐྱོང་གི་གཡུལ་འགྱེད་ཅིག་གི་མགོ་བརྩམས་བྱུང་།

    ཟླ་6ཚེས་10ཉིན་གྱི་དུས་ཚོད་0དང་སྐར་3ཐོག འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོར་ས་འགུལ་རིམ་པ་5.8དང་6.0སྔ་གཞུག་ཏུ་བྱུང་བ་དང་། འགུལ་ཁུངས་ཟབ་ཚད་ལ་སྤྱི་ལེ་10ཡོད། 

 




    ས་འགུལ་དེ་ལས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་དེ།  ཟླ་6ཚེས་11དུས་ཚོད་20བར་དུ། མི་113069ལ་གནོད་འཚེ་བཟོས་ཤིང་མི་6རྨས་ཡོད།   


    མི་དམངས་བླ་ན་མེད། ཚེ་སྲོག་བླ་ན་མེད་ཅེས་པ་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཐེབས་མང་ཚོགས་བརྩེ་བས་བསྐྱངས་ཤིང་། ཀྲུང་དབྱང་གི་ལས་ཁུངས་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱིས་འཕྲལ་མར་ཚན་རིག་ལྟར་བཀོད་འདོམས་གནང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ས་འགུལ་གནོད་སེལ་གྱི་བྱ་གཞག་ཚ་ཚ་འུར་འུར་ངང་སྤེལ། 

 


ལག་རྡང་དམ་པོར་སྦྲེལ།། ཐབས་བཀོད་མྱུར་བར་འཐེན།། 


    ཚེ་སྲོག་འདི་བླ་ན་མེད་ལ། གནོད་འཚེ་ནི་རྒྱལ་པོའི་བཀའ་བཞིན་ཡིན་པས། ནར་འགྱངས་སྤུ་ཙམ་ཡང་མེད་པར་མྱུར་སྐྱོབ་བྱེད་ཨང་། ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་ཟབ་མོ་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་འགུལ་གནོད་སེལ་བཀོད་འདོམས་གཞུང་ལས་ཁང་དང་། མཁོ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་འགུལ་མཁོ་བསྟུན་རིམ་པ་བཞི་པ་སྤེལ་ནས་ཡུལ་དངོས་སུ་ལས་སྒྲུབ་ཚན་ཆུང་མཛུབ་སྟོན་དུ་མངགས་ཡོད།


     ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གིས་དུས་ཐོག་ཏུ་འཕྲལ་མར་རོགས་སྐྱོབ་ལས་ཀ་རྩ་འཛུགས་དང་གནོད་འཚེ་ཐེབས་ཚུལ་གྲལ་བཤེར། སླར་འབྱུང་གནོད་འཚེ་སྔོན་འགོག ཚད་ལེན་བརྡ་གཏོང་སོགས་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་ནན་པོ་བཏོན་ཡོད།  


 

    ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་དང་ཞིང་ཆེན་ས་འགུལ་ཅུས། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་སོགས་ཀྱིས་ལས་སྒྲུབ་ཚན་ཆུང་དང་ཆེད་ལས་ལག་རྩལ་པ་ཆེད་དུ་མངགས་ཏེ། ས་འགུལ་གྱི་གནོད་འཚེ་ལ་རྒྱུས་ལེན་དང་ཡུལ་དངོས་ནས་གནོད་སེལ་ལ་མཛུབ་སྟོན་མཛད་ཅིང་། རང་ཁུལ་གྱིས་རིམ་པ་གཉིས་པའི་མཁོ་བསྟུན་མྱུར་པར་སྤེལ་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་བཀོད་འདོམས་དཔོན་པོའི་འགན་བཞེས་པའི་འབར་ཁམས་རིམ་པ་6.0ཅན་གྱི་ཚོམ་འགུལ་གནོད་སེལ་བཀོད་འདོམས་པུའུ་བཙུགས་ཏེ། ཁོངས་སུ་སྣ་འཛོམས་འབྲེལ་འཛུགས་ཚན་ཆུང་དང་རོགས་སྐྱོབ་ཚན་ཆུང་། སྨན་བཅོས་རིམས་འགོག་ཚན་ཆུང་། གནས་སྐབས་བདེ་འགོད་དང་བར་བརྒལ་བདེ་འགོད་ཚན་ཆུང་སོགས་ལས་སྒྲུབ་ཚན་ཆུང་9ཡོད་ལ། ཁུལ་རིམ་པའི་ལས་ཁུངས་སོ་སོ་ནས་ལས་བྱེད་པ་1754དང་འབར་ཁམས་གྲོང་ཁྱེར་ནས་མི་སྣ་3603བཅས་བཀོད་སྒྲིག་བྱས་ཏེ། ས་འགུལ་གྱི་ཡུལ་དངོས་སུ་བསྐྱོད་དེ། ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་ལྟར་ས་འགུལ་གནོད་སེལ་གྱི་ལས་ལ་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་ཞུགས། 


    མཚན་མོ་དེར། ཞིང་ཆེན་ས་འགུལ་གནོད་སེལ་པུའུ་ཡིས་མངགས་པའི་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག ཞིང་ཆེན་དྲག་དཔུང་ཉེན་རྟོག་སྤྱི་ཁྱབ་རུ་ཁག ཞིང་ཆེན་དམག་ཁུལ་སོགས་ཀྱི་རོགས་སྐྱོབ་རུ་དཔུང་གི་མི་སྣ་1314གནོད་ཁུལ་ཕྱོགས་སུ་ལམ་ལ་ཆས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མངགས་པའི་རོགས་སྐྱོབ་རུ་དཔུང་3དེ་སོ་སོར་ལམ་རྒྱུད་S220པའི་རྭ་ཅོའི་ཕྱོགས་དང་ལམ་རྒྱུད་S453པའི་ད་ཚང་གི་ཕྱོགས། ལམ་རྒྱུད་S220པའི་རོང་ཨན་ཕྱོགས་བཅས་ནས་ཚོ་བདུན་ཡུལ་ཚོར་འགྲོ་བའི་ལམ་ལ་ཆས་ཏེ། གཞུང་ལམ་ཤར་གཏོང་གི་ལས་སུ་ཞུགས།  

 


    རྔ་བ་རྫོང་གིས་མངགས་པའི་རོགས་སྐྱོབ་རུ་དཔུང་གི་མི་སྣ་60་ཡིས་རྗེས་འགུལ་དང་རི་བོ་རྡིབ་ཉིལ་གྱི་ཉེན་ཁར་འཛེམས་དོགས་ཙམ་ཡང་མེད་པར་ཟླ་6པའི་ཚེས་10ཉིན་གྱི་ནངས་མོའི་དུས་ཚོད་4ཐོག་ཚོ་བདུན་ཕྱོགས་སུ་ཆས། 


    ད་དུང་། ……


    ཚེ་སྲོག་འདི་བླ་ན་མེད། གནོད་འཚེ་ནི་རྒྱལ་པོའི་བཀའ་བཞིན་ཡིན་ཞེས་པ་ལྟར། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག ས་འགུལ་གནོད་སེལ་གྱི་གཡུལ་འགྱེད་འཕྲལ་མར་བརྩམས་ཏེ། ཁུལ་ཡོངས་ཀྱི་མཁོ་བསྟུན་དང་ས་འགུལ། མེ་གསོད། དྲག་དཔུང་ཉེན་རྟོག དམངས་དམག སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། རིམས་འགོག གློག་ཤུགས། འགྲིམ་འགྲུལ་། དང་ལེན་པ་སོགས་ཕྱོགས་ཀུན་གྱི་རོགས་སྐྱོབ་ནུས་པ་ནི་འབར་ཁམས་སུ་ས་འགུལ་གནོད་སེལ་གྱི་ཞུམ་པ་མེད་པའི་སྟོབས་ཤུགས་ཤིག་ཏུ་གྱུར།  



 

བསམ་པ་འགུལ་ལྟེར་འཁོར།། མདུན་སྐྱོད་གོམ་ཁ་བརྟན།།


    ཚེས་10ཉིན་གྱི་དུས་ཚོད་0དང་སྐར་3ཐོག་ནས་བཟུང་། མི་སུ་ཡིན་ཡང་ཚོ་བདུན་ཡུལ་ཚོ་ནི་སེམས་ཁུར་བྱེད་ས་ཞིག་ཏུ་གྱུར། མཚན་མོ་དེར། སྐར་འོད་རབ་རིབ་ཏུ་རོགས་སྐྱོབ་རུ་དཔུང་རེ་རེས་ཆར་རླུང་གོས་སུ་མནབས་ནས་མདུན་ལ་ཆས། ས་འགུལ་བྱུང་རྗེས། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་ཁུལ་དཔོན་ལུའོ་ཀྲེན་ཧྭས་ཁུལ་རིམ་འབྲེལ་ཡོད་ལས་ཁུངས་དང་དྲག་དཔུང་ཉེན་རྟོག་མཁོ་བསྟུན་ཞིབ་བཤེར་རུ་ཆུང་གི་མི་སྣ19དང་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་མི་སྣ་80། ཁུལ་ནགས་ཚལ་མེ་གསོད་ཡན་ལག་རུ་ཁག་གི་མི་སྣ་82། འབར་ཁམས་གྲོང་ཁྱེར་མདོ་བསྟུན་དོ་དམ་ཅུས་དང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་མི་སྣ་80། མྱུར་སྐྱོབ་རླངས་འཁོར་3དང་སྨན་པ་ནད་གཡོག་12བཅས་ཀྱིས་གྲུབ་པའི་མདུན་སྙེག་ཚན་ཆུང་གི་སྣེ་ཁྲིད་དེ། ལམ་བར་གྱི་རྗེས་འགུལ་དང་ས་ཤུད་རྡོ་འགྲིལ། ལམ་བརྡིབ་ཉེན་ཁ་སོགས་ལ་འཛེམས་མེད་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འགུལ་ལྟེའི་ཕྱོགས་སུ་ཆས། 


    ཚེས་10ཉིན་གྱི་དུས་ཚོད་7དང་ཕྱེད་ཐོག རྔ་བ་རྫོང་གིས་མངགས་པའི་མྱུར་སྐྱོབ་ཡན་ལག་རུ་ཆུང་ལྷོ་ནས་འགུལ་ལྟེ་ཚོ་བདུན་ཡུལ་ཚོ་ཁོ་ལ་གྱི་གྲོང་སྡེར་འབྱོར། དེ་ནི་འགུལ་ལྟེར་ཐོན་པའི་རུ་ཁག་ཐོག་མ་ཡིན།   


    བྱང་ནས་ལམ་ལ་ཆས་པའི་ལིའུ་ཕིང་དང་ལུའོ་ཀྲེན་ཧྭ་འཁོར་དང་བཅས་པས་རྗེས་འགུལ་གྱི་ཉེན་ཁ་སྣང་མེད་དུ་བཞག་སྟེ། རྡིབ་ཉིལ་ལམ་རྒྱུད་20འཕྲེད་དུ་བཅད་དེ། རྐང་ཐང་དུ་འགུལ་ལྟེའི་ཕྱོགས་སུ་ཆས། ལམ་ཐག་སྤྱི་ལེ་18ལ་སོང་རྗེས་ད་གཟོད་ཚེས་10ཉིན་གྱི་དུས་ཚོད་15ཐོག་ཚོ་བདུན་ཡུལ་ཚོར་འབྱོར་ཅིང་། ཚོ་བདུན་ཡུལ་ཚོ་མི་དམངས་སྲིད་གཞུང་གི་གནས་སྐབས་བཀོད་འདོམས་པུའུ་ཡི་གནོད་ཐེབས་གནས་ཚུལ་ལ་གསན་པ་དང་། ཡུལ་དངོས་ནས་གནོད་ཚུལ་ལ་གཟིགས་ཞིབ་མཛད་པར་མ་ཟད། དགོང་མོར་འབར་ཁམས་6.0རིམ་པ་ཅན་གྱི་ཚོམ་འགུལ་གནོད་སེལ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ། ས་འགུལ་གནོད་སེལ་ལ་འབྲེལ་བའི་ལས་ཚན་རེ་རེ་ཞིབ་མོར་བཀོད་སྒྲིག་མཛད།   

 

    སྐར་འོད་རབ་རིབ་ཏུ་ལམ་ལ་ཆས་པ་ནི་མི་དམངས་ཁོ་ནའི་ཆེད་དུའོ།།དུས་ཚོད་ཀྱི་ཐག་ཐག་འཁོར་སྒྲ་དང་བསྟུན་ནས། རོགས་སྐྱོབ་རུ་དཔུང་རེ་རེ་འཕྲོ་རིམ་འཕྲོར་ཚོ་བདུན་ཡུལ་ཚོར་འབྱོར་བ་དང་། ས་འགུལ་གནོད་སེལ་གྱི་ལས་ལ་བརྩོན་པས་ཞུགས་ཏེ། གནོད་ཚུལ་འདྲི་དཔྱད་དང་ཡུལ་དངོས་ལྟ་ཞིབ། སྦྲ་གུར་ཕུབ་པ། དངོས་ཟོག་སྐྱེལ་འདྲེན་སོགས་ལས་ལ་བྲེལ། ཚོ་བདུན་ཡུལ་ཚོའི་གནོད་ཐེབས་ཡུལ་དངོས་ཀུན་ཏུ་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་ཞིང་བསྐྱོད། འཚོ་བའི་ཟ་ཟུར་ཀུན་ཏུ་བྱམས་དང་བརྩེ་བའི་དྲོད་ཁོལ་ཞིག་ཞོ་ལྟར་འཁྱིལ་ཞིང་ཆགས།  

    རོགས་སྐྱོབ་རུ་ཁག་རེ་རེའི་བརྩོན་པའི་འབྲས་བུ་ལེགས་པར་སྨིན་ནས། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་གཏམ་བཟང་འཕྲོ་རིམ་འཕྲོར་ཐོས་བྱུང་། ཚེས་10ཉིན་གྱི་དུས་ཚོད་15མས་ཡས་སུ་ཚོ་བདུན་ཡུལ་ཚོའི་སྲིད་གཞུང་ཆགས་ཡོད་པའི་ས་ཆར་དྲྭ་འབྲེལ་འཕྲིན་གཏོང་བརྡ་རྟགས་སླར་གསོ་བྱུང་། དེ་མིན་ས་འགུལ་གྱི་དབང་གིས་བརྡ་རྟགས་ཆད་པའི་ཡུལ་ཚོ་དང་གྲོང་རྡལ་3གྱི་བརྡ་རྟགས་ཀྱང་སླར་གསོ་བྱུང་། ཡང་ཟླ་6པའི་ཚེས་11ཉིན་གྱི་དུས་ཚོད་14དང་སྐར་48ཐོག འགུལ་ལྟེ་ཚོ་བདུན་ཡུུལ་ཚོར་འགྲོ་བའི་གཞུང་ལམ་གཙོ་བོ་S220པའི་འབར་ཁམས་ལམ་རྒྱུད་ཡོངས་སུ་ཤར་གཏོང་བྱུང་།   

    རོགས་སྐྱོབ་རུ་ཁག་རེ་རེ་ཚོ་བདུན་ཡུལ་ཚོར་འབྱོར་བས་མང་ཚོགས་ལ་སེམས་ཀྱི་ཁུར་བོ་མེད་པར་རེ་བའི་འོད་སྣང་བསྩལ་བྱུང་། གནོད་ཐེབས་མང་ཚོགས་ཤིག་གིས་ད་ནི་རོགས་སྐྱོབ་རུ་ཁག་ཐོན་ཡོད། ང་ཚོ་ལའང་རེ་བ་ཡོད་ཅེས་བཤད། ལིའུ་ཕིང་གིས་གནོད་ཐེབས་མང་ཚོགས་ཀྱིས་རེ་བའི་མིག་ཟུང་ཧྲིག་གེར་ཅེར་པ་མཐོང་པ་ན། ཏང་ལ་བྱམས་དང་བརྩེ་བ་ཡོད། མི་ལ་བྱམས་དང་བརྩེ་བ་ཡོད། ཀུན་གྱིས་ང་ཚོའི་གུང་ཁྲན་ཏང་ལ་ཡིད་ཆེས་ཆོག ཀུན་དང་མཉམ་དུ་སྡུག་བསྔལ་འདི་ལས་ཐར་བར་བྱེད། ང་ཚོའི་ཁྱིམ་གཞིས་འདི་སྔར་བས་ཀྱང་མཛེས་པར་བསྐྲུན་ཁོ་ཐག་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་ཡོད་པས། ཚང་མས་སེམས་ཁུར་བྱེད་མི་དགོས་ཞེས་གསུངས།

 


དམངས་སེམས་བདེ་ལ་བཀོད།། བྱམས་སེམས་ཀུན་ལ་ལྡན།།   


    ཚེས་10ཉིན་གྱི་དུས་ཚོད་0དང་སྐར་3ཐོག འབར་ཁམས་གྲོང་ཁྱེར་དུ་ཡོད་པའི་གྲོང་དམངས་ཀྱིས་ཐོག་ཁང་་གི་གཡོ་འགུལ་དྲག་པོ་དངོས་སུ་ཚོར་བ་དང་། དུས་ཚོད་0དང་སྐར་3ནས་དུས་ཚོད་6བར། རྔ་བ་ཁུལ་དུ་རིམ་པ་3.0ཡན་གྱི་ས་འགུལ་ཐེངས་11ལ་བྱུང་། དེ་ལས་འགུལ་རིམ་ཆེས་མཐོ་བ་ནི་རིམ་པ་6.0ཡིན། ཚོམ་འགུལ་ཅན་གྱི་ས་འགུལ་གྱིས་གྲོང་དམངས་ལ་འཇིགས་སྐྲག་ཐེབས་ཏེ་མཚན་གང་པོར་གཉིད་ལ་རོལ་ཐབས་བྲལ།    

    བདེ་འཇགས་ཉེན་གཡོལ་ཆེད་དུ། འབར་ཁམས་གྲོང་ཁྱེར་གྱི་གྲོང་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་སྲང་ལམ་ཡངས་ས་དང་ར་སྐོར་ཡངས་སར་བརྒྱུགས་ཏེ། ལམ་མཚམས་མང་པོར་འགྲིམ་འགྲུལ་ཤར་གཏོང་དཀའ་མོ་བྱུང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཐུབ་ཆེད། སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། མངའ་ཁོངས་ཀྱི་མཁོ་བསྟུན་ཉེན་གཡོལ་ར་བ་དང་སློབ་གྲྭ། མི་ཚོགས་འདུས་ཁུལ་བཅས་ཀྱི་བདེ་འཇགས་སྒྲིག་རིམ་དང་འགྲིམ་འགྲུལ་གོ་རིམ་རྒྱུན་ལྡན་འགན་ལེན་བྱས་ཤིང་། མང་ཚོགས་ལ་སེམས་གསོ་བྱས། རྔ་བ་ཁུལ་མི་དམངས་སྨན་ཁང་ནས་སྨན་པ་དང་ནད་གཡོག དྲག་དཔུང་ཉེན་རྟོག མེ་གསོད་མི་སྣ་སོགས་ཀྱིས་སྦྲ་གུར་མང་དུ་ཕུབ་སྟེ་ནད་པ་རྣམས་བདེ་བར་འཁོད་པའི་ལས་ལ་བྲེལ་ནས། ནད་པ་དང་ནད་པའི་བཟའ་མིའི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱས། གསར་འགོད་པས་ནད་པའི་བཟའ་མི་ཞིག་སྦྲ་གུར་དུ་ཐོན་རྗེས། སྨན་པའི་ལག་པར་དམ་པོར་འཇུས་ཏེ་ཁྱེད་རྣམ་པར་བཀའ་དྲིན་ཆེ། གལ་ཏེ་ཁྱེད་རྣམ་པ་མེད་ན་ང་ནི་ཅི་བྱ་གཏོལ་མེད་དུ་འགྱུར་ངེས་ཞེས་བཤད་པ་ཐོས། 

 

    ནངས་མོ་དེར། བྱམས་དང་བརྩེ་བས་ཕྱུག་པའི་རྣམ་པ་དེ་འདྲ་གཅིག་པུ་ཙམ་མིན་པར། ཅིའུ་ཀྲོའུ་ཐང་ཆེན་དུ་དང་ལེན་པ་རྣམས་ཀྱིས་བགྲེས་པོ་རྣམས་ཁུར་ནས་སྦྲ་གུར་དུ་སྐྱེལ་བ་དང་། མང་ཚོགས་ལ་བཏུང་ཆུ་དང་ཁ་ཟས་སྟེར་བ་སོགས་མང་ཚོགས་ཀྱི་དཀའ་ངལ་རེ་རེ་སེལ་རོགས་ལ་བྲེལ་བཞིན་གདའ། དང་ལེན་པ་དེ་དག་ནི་ལས་རིགས་སོ་སོ་ནས་ཐོན་པ་ཞིག་ཡིན་ལ། དེའི་ནང་དུ་ཏང་ཡོན་ལས་བྱེད་པ་ཡོད་ལ། ན་གཞོན་ཐོན་ཡོན་ཡོད། བུད་མེད་དང་མང་ཚོགས་ཕལ་བའང་ཡོད། སྐབས་དེར། མི་སུ་ཡིན་ཡང་བསམ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།  

    ཚོ་བདུན་ཡུལ་ཚོ་ནས་གནོད་ཐེབས་མང་ཚོགས་དང་རོགས་སྐྱོབ་རུ་ཁག་གིས་མཉམ་དུ་ཐོན་སྐྱེད་དང་རང་སྐྱོབ་བྱེད་བཞིན་མཆིས། ཚོ་བདུན་ཡུལ་ཚོའི་འབོ་ལ་གྲོང་སྡེའི་རུ་སྐོར་གསུམ་པའི་བདེ་འགོད་ཁུལ་དུ་སྡེ་མི་རྣམས་ཀྱིས་མཉམ་ཏུ་རུབ་ནས་མོག་མོག་ལས་ཏེ། ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣར་སྟེར་ཞོར་དུ་བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད།  

  

    ད་ལྟ། རོགས་སྐྱོབ་ལས་ཀ་མུ་མཐུད་དུ་སྒྲུབ་བཞིན་ཡོད་ལ། དངོས་ཟོག་ཀྱང་འདང་ངེས་ཡོད། མང་ཚོགས་ཀྱི་བསམ་པའང་བདེ་ལ་བབས་ཡོད། ས་འགུལ་བྱུང་རྗེས། འབར་ཁམས་སུ་བྱམས་དང་བརྩེ་བ་ཞོ་ལྟར་ཆགས་ཤིང་། ས་འགུལ་གནོད་སེལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་གི་རྩ་བ་བརྟན་ཞིང་ཡན་ལག་རྒྱས་བཞིན་འདུག གནོད་འཚེ་བྱུང་སྐབས་སུ། མཐུན་སྒྲིལ་གྱི་ངར་ཤུགས་དང་བྱམས་བརྩེ་ཡི་བློ་སྟོབས་ལ་འགྲེེལ་བཤད་ཞིབ་མོ་གནང་བྱུང་ལ། ང་ཚོས་བསམ་པ་གཅིག་མཐུན་དང་སྐྱིད་སྡུག་མཉམ་རོལ་བྱེད་བཞིན་ཡོད་པས། ད་ཐེངས་ཀྱི་ས་འགུལ་གནོད་སེལ་ལས་རྒྱལ་ཁའི་བ་དན་མཐོན་པོར་བསྒྲེང་ཁོ་ཐག་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1