བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་ལ་གྲུབ་འབྲས་ཡག་པོ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


           གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱིས་འགན་ཕྲག་ཏུ་བླངས་པའི་2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གཞི་སྟེ། ཚིག་ཐུང་གཞི་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གིས་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་དགར་བ། སྐད་ཆའི་མཛོད་བཟོ་བ། ཚིག་ཐུང་གཞིར་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་སོགས་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་འདུག་ཅིང་། ཉེ་ཆར་ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་ཅེས་པར་བེད་སྤྱོད་ཁྲོད་འབྲས ་བུ་ཡག་པོ་ཐོན་པ་དང་། ཞིབ་འཇུག་འབྲས་བུ་དགའ་འོས་པ་ཐོབ་ཡོད།

           ཉི་འོད་བོད་ཡིག་ཐ་སྙད་རང་དབྱེའི་མ་ལག་གིས་ད་སྔ་སྐར་ཆ་རེར་བོད་ཡིག་ཐ་སྙད་1000རེ་དབྱེ་ཐུབ་ཅིང་། བོད་ཡིག་དེང་རབས་གཞུང་ཡིག་ཁྱབ་ཁོངས་ཀྱི་ཐ་སྙད་དབྱེ་བ་དག་ཚད་95%ལ་སླེབས་ཡོད་ལ། དུས་མཚུངས་སུ་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་ངོས་འཛིན་ཐུབ་པར་གཞོགས་འདེགས་བྱ་ཆེད། ཞིབ་འཇུག་འདིས་《བརྡ་འཕྲིན་ལག་རྩལ་ཁྲོད་བོད་ཡིག་ཐ་སྙད་ཀྱི་རིགས་དབྱེའི་ཚད་གཞི།》བཟོ་བཅོས་འཐུས་ཚང་དུ་བཏང་བས། བོད་ཡིག་གི་ཐ་སྙད་རང་དབྱེ་དང་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་གྱི་དགོས་མཁོ་དངོས་དང་ཡང་ཇེ་མཐུན་དུ་བཏང་ཡོད། ཞིབ་འཇུག་ཚོགས་པ་འདིས་ད་དུང་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་ངོས་འཛིན་པའི་བོད་ཡིག་གློག་རྡུལ་མིང་མཛོད་ཀྱང་བཟོས་འདུག་པ་དེར་ཐ་སྙད་འབུམ་1འདུས་པའི་《འཕྲུལ་ཀློག་མིང་མཛོད།》དང་《མིས་ཀློག་མིང་མཛོད།》ཚུད་ཡོད། བོད་ཡིག་གི་སྐད་ཆའི་མཛོད་དེ་ཆེ་ཆུང MB300མཆིས་པ་བཟོས་ཤིང་། དེར་བོད་ཡིག་གི་སྦྱོང་བརྡར་རྒྱུ་ཆ་དང་། རྒྱ་བོད་སྐད་གཉིས་ཀྱི་ཚིག་ཤན་སྦྱར་འབུམ་3ལྷག་འདུས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1