༄༅།།སྟག་རྩེའི་གནས་བདག་དང་འབྲེལ་བའི་བསང་ཡིག་འགའ།

དཀོན་མཆོག་བསྟན་པའི་སྒྲོན་མེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-20


      ན་མོ་བཛྲ་བྷེེ་ར་ཝཱ་ཡ།  དེའང་བསང་རྫས་དངོས་པོ་གཙང་ཞིང་རྒྱ་ཆེ་བ་དང་།དཀར་གསུམ་གྱིས་བརྒྱན་པའི་གཏོར་མ།རྔ་སིལ་སོགས་སྟ་གོན་ལེགས་པར་བྱས།སྐྱབས་སེམས་སྔོན་དུ་བཏང་།རང་སྐད་ཅིག་གིས་ལྷར་བསྐྱེད་ཅིང་བསང་རྫས་བྱིན་གྱིས་བརླབས་ནས།ཀྱེ་ཀ་བིའི་སྟག་རྩེ་རྩེ་རྒྱལ་ནག་ཡུ་སོགས།།ཁ་རྗེ་དབང་ཐང་དཔལ་བསྐྱེད་ཡུལ་གྱི་ལྷ།།ག་ཤེད་མི་མངོན་དབྱིངས་ན་བཞུགས་པ་ཀུན།།ང་ཡིས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ།།ཅ་ཅོའི་དབྱངས་དང་རོལ་མོ་འབྲུག་ལྟར་སྒྲོགས།།ཆ་ཤས་ཀུན་རྫོགས་གཏོར་མ་རི་ལྟར་སྤུངས།།ཇ་ཆང་དཀར་གསུམ་རྒྱ་མཚོ་ལྟར་བསྐྱིལ་ཏེ།།ཉ་རྒྱས་ཟླ་ལྟར་དྭངས་པའི་ཡིད་ཀྱིས་དབུལ།།ཏ་ལའི་འདབ་འདྲ་ལྷ་ཤུག་སྔོན་མོ་སོགས།།ཐ་དད་བསང་ཤིང་སྣ་ཚོགས་དུད་པའི་སྤྲིན།།ད་ལྟ་ཉིད་དུ་ལྷ་ལམ་དགོངས་བཟོད་པ།།ན་བུན་སྔོན་པོའི་ཕྲེང་ལྟར་གཏིབས་ཏེ་འབུལ།།པ་སངས་ལྟར་དཀར་མཆེ་གཙིགས་རྒྱ་སྟག་སོགས།།ཕ་རོལ་འཇོམས་པའི་གཅན་གཟན་སྣ་ཚོགས་དང་།།བ་གླང་ཅང་ཤེས་རྟ་དང་ར་ལུག་སོགས།།མ་ལུས་སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་།།ཙ་ཏུར་འབྱུང་འཁྲུགས་གག་ལྷོག་གཉན་གཟེར་དང་།།ཚ་བའི་རིམས་སོགས་ནད་རིགས་ཀུན་ཞི་ཞིང་།།ཛ་ལངས་རབ་རྒྱས་གདོང་ལྔའི་དབང་བོ་བཞིན།།ཝ་སྐྱེས་ལྟ་བུའི་དགྲ་ལས་རྒྱལ་བར་མཛོད།།ཞ་ལྟར་སྤྱི་བོའི་གཙུག་ཏུ་ཁྱོད་བཀུར་ཞིང་།།ཟ་འོག་རྒྱལ་མཚན་བཞིན་དུ་ཁྱོད་འཕྱར་ན།།འ་འུར་ཆོ་འཕྲུལ་སྣ་ཚོགས་དཔུང་དང་བཅས།།ཡ་མཚན་འཕྲིན་ལས་ཐོགས་མེད་དུས་ལ་བབས།།ར་བ་བཙན་པོས་བསྐོར་བའི་སྲོག་མཁར་བཞིན།།ལ་ལུང་གང་དུ་ཉེར་འཚེ་མི་འབྱུང་ཞིང་།།ཤ་འོད་རྡོལ་བཞིན་ཟས་ནོར་ལོངས་སྤྱོད་ཚོགས།།ས་འདིར་རྫོགས་ལྡན་ཀུན་དགའ་རྒྱས་པར་མཛོད།།ཧ་རི་ཙན་དན་ངད་ལྡང་བསང་མཆོད་དང་།།ཨ་མྲི་ཏ་ཡི་རང་བཞིན་མཆོད་གཏོར་འདིས།།ལྷ་གཉན་འཁོར་བཅས་ཚིམ་ཞིང་དགྱེས་གྱུར་ཏེ།།འདོད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་རོང་རུའི་ཕྱོགས་ཀྱི་ཡུལ་ལྷའི་བསང་མཆོད་ཅིག་དགོས་ཚུལ་མགོ་བ་སྙིང་ཁར་སོགས་ཀྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1