དབྱར་ཟླ་དྲུག་པ་ཚེས་པ་ན། བདེ་ཆེན་མཐོ་སྒང་དུ་དབྱར་གྱི་ཆར་བ་བབས་བྱུང་ལ། མཛེས་པའི་མེ་ཏོག་བཞད་ཡོང་སྟེ། རི་ལུང་ཀུན་ཏུ་དབྱར་ཁའི་སྣང་བ་ཞིག་གིས་ཡོངས་སུ་ཁེངས་ཡོད།
ཉེ་སྔོན། སེམས་ཀྱི་ཉི་ཟླར་གཟའ་གཅིག་གི་རིང་བསྟུད་མར་ཆར་བ་བབས་ཤིང་། ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་མཐོ་སྒང་གི་ཡུལ་འདིར་ཁ་བ་ཐེངས་ཤིག་ཀྱང་བབས་ཏེ། ཡུལ་མི་ཚོར་རེ་ཞིག་ལ་དགུན་ཁར་སླེབས་པའི་སྣང་བ་དབང་མེད་སྐྱེས་སུ་བཅུག ཉེ་ཆར་ཡང་དྲོད་འཇམ་གྱི་ཉི་མ་དྲོ་ལ། ནམ་ཟླ་ཡང་རིམ་གྱིས་ཇེ་དྲོར་སོང་སྟེ། དབྱར་གྱི་སྣང་བ་དང་དབྱར་གྱི་མཛེས་པ་དེ་སླར་ཡང་མཐོ་སྒང་འདིར་མངོན་བྱུང་།
ནམ་ཟླ་དབྱར་ཁ་སླེབས་པ་ན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་ལྷོའི་མཚསས་སུ་ཡོད་པའི་ནགས་ལྕོག་རི་བོར་དུས་ལྟར་སྟག་མ་མེ་ཏོག་གཙོ་བྱས་པའི་མེ་ཏོག་སྣ་ཚོགས་བཞད་བྱུང་ལ། རེ་སྒུག་ཡུན་རིང་བྱས་པའི་གྲོང་མི་དང་ཡུལ་སྐོར་བ་མང་བོ་ཡང་གནས་འདིར་ཡོང་ནས་སྤྲོ་གསེང་བྱེད་བཞིན་ཡོད།
སྟག་མ་མེ་ཏོག་ནི་གནས་འདིའི་མཛེས་ལྗོངས་གཙོ་བོ་ཡིན་ལ། ཉིན་འདི་དག་ལ་གནས་འདིར་སུ་རུའི་མེ་ཏོག་དང་སྤོས་དཀར་མེ་ཏོག ལྕང་མ་མེ་ཏོག དེ་མིན་མིང་མི་ཐོགས་པའི་མེ་ཏོག་སྣ་བརྒྱས་སྤྲས་ཡོད་དེ། ཡུལ་འདིའི་ཁོར་ར་ཁོར་ཡུག་ཀུན་དུ་མེ་ཏོག་གི་དྲི་ཞིམ་གྱིས་ཁེངས་འདུག ལས་ལ་བརྩོན་པའི་བུང་བའི་ཚོགས་ཀྱང་མེ་ཏོག་གི་ཚོམ་བུའི་ཁྲོད་ངལ་མེད་འཕུར་ལྡིང་བྱེད་བཞིན་སྦྲང་རྩིའི་བཅུད་ལ་རོལ་བཞིན་ཡོད་ལ། བཟའ་མི་དང་མཉམ་དུ་ཐོན་པའི་བྱིས་པ་འགའ་རེས་ཡང་མེ་ཏོག་གི་མཛེས་སྡུག་ལ་གཡེང་ཞིང་། འདབ་མ་རྒྱས་པའི་ཤིང་སྡོང་གི་བར་ན་རྩེད་དགར་རོལ་བཞིན་ཡོད་དེ། འདི་ནི་ཅི་འདྲའི་འཆམ་མཐུན་དང་བདེ་སྐྱིད་ཀྱི་སྣང་བ་ཞིག་རེད། །