༄༅། །དངོས་པོ་འདི་དག་དུས་ཡུན་རིང་པོར་རླངས་འཁོར་ནང་འཇོག་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༦ཚེས་༢༠ཉིན།


        ཉེ་ཆར་གསར་འགྱུར་ཞིག་དྲ་ལམ་གྱི་གླེང་གཞི་ཚ་ཤོས་སུ་གྱུར་ཏེ་དྲ་གྲོགས་མང་པོས་བགྲོ་གླེང་བྱེད་ཀྱིན་འདུག ཤེས་རྟོགས་བྱུང་བ་ལྟར་ན། ཟླ5པའི་ཚེས22ཉིན་ཅང་སུའུ་སུའུ་ཆན་དུ་སྐྱེས་པ་ཞིག་གིས་རླངས་འཁོར་ནང་ཐ་མག་ལ་མེ་སྒྲོན་པའི་སྐད་ཅིག་མ་དེར་གློ་བུར་དུ་འབར་གས་བྱུང་བ་རེད། རླངས་འཁོར་གྱི་ཕྱི་ནས་བལྟས་ན་རླངས་འཁོར་གྱི་ཀླད་རྦད་དེ་ཐོར་བ་དང་། རླུང་འགོག་ཤེལ་ཡང་གར་སོང་ཆ་མེད་དུ་གྱུར་ཡོད། སྟབས་ལེགས་པ་ཞིག་ལ་སྐྱེས་པ་དེའི་ཚེ་སྲོག་བདེ་ཐང་ལ་ཉེན་ཁ་བཟོས་མེད་མོད། འོན་ཀྱང་གནོད་འཚེ་མི་ཆུང་བ་ཕོག་འདུག མིག་སྔར་དོན་རྐྱེན་གྱི་ཞིབ་ཕྲའི་རྒྱུ་རྐྱེན་སྐོར་ལ་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

        དོན་རྐྱེན་དེ་དངོས་སུ་མཐོང་མཁན་གྱི་མི་སྣས་བཤད་པ་ལྟར་ན། རླངས་འཁོར་ནང་དུ་དྲི་ཞིམ་ཆུ་དང་མེ་ཆ་སོགས་འབར་སླའི་དངོས་རྫས་བཞག་ཡོད་པ་རེད།


 དོན་རྐྱེན་ཁག་གཅིག


        2022ལོའི་ཟླ5པའི་ཚེས5ཉིན། ཨན་ཧུའེ་ཞིང་ཆེན་ཁྲེ་ཀྲོའུ་གྲོང་ཁྱེར་གྱི་རླངས་འཁོར་བདག་པོ་ཞིག་གིས་རླངས་འཁོར་ཉི་འོད་ཕོག་སར་བཞག་པ་དང་། རླངས་འཁོར་དེའི་མཇུག་གི་རླུང་འགོག་ཤེལ་གྱི་མདུན་དུ་འབར་སླའི་དངོས་པོར་གཏོགས་པའི་འཁྱགས་བྱད་དམ་བེ་ཞིག་བཞག་ཡོད་པས། ཉི་འོད་དྲག་པོའི་འོག་ནས་འབར་གས་བྱུང་བ་དང་། མཇུག་གི་རླུང་འགོག་ཤེལ་སྒོ་གས་ཡོད། སྟབས་ལེགས་པ་ཞིག་ལ་སྐབས་དེར་རླངས་འཁོར་ནང་དུ་མི་མེད།

        2021ལོའི་ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད15སྟེང་སྐུ་ཞབས་ཝང་ལགས་དང་གཅུང་པོ་གཉིས་ཀྱིས་རླངས་འཁོར་བསྐོར་ཏེ་ཧུའུ་ནན་ཁྲང་དབྱི་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཤང་ལམ་དུ་སྐྱོད་སྐབས་རླངས་འཁོར་གློ་བུར་དུ་འབར་སོང་བ་རེད། བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་རླངས་འཁོར་གྱི་རླུང་འགོག་ཤེལ་མདུན་དུ་ཡོད་པའི་མེ་ཆ་ཉི་འོད་འོག་ཡུན་རིང་བཞག་རྗེས་འབར་བ་རེད།

        གླེང་གཞི་དེར་དྲ་གྲོགས་ཚོས་བགྲོ་གླེང་མང་པོ་བྱེད་བཞིན་ཡོད་པས། མེ་ཟོན་སྡེ་ཁག་གི་དྲན་སྐུལ་བྱས་པ་ལྟར་ན།

        དབྱར་གྱི་ཉི་འོད་ཤིན་ཏུ་ཚ་བས་རླངས་འཁོར་ནང་དངོས་པོ་གང་དག་འཇོག་མི་རུང་བ་ཤེས་དགོས། གོང་གི་གནས་ཚུལ་དེ་དག་ལ་གཟིགས་རྗེས། རང་ཉིད་ཀྱི་རླངས་འཁོར་ནང་དུ་ཡང“མངོན་མེད་འབར་མདེལ”དེ་རིགས་ཡོད་མེད་བལྟ་རོགས།


 མིག་ཤེལ།

        མིག་ཤེལ་གང་བྱུང་དུ་རླངས་འཁོར་ནང་བཞག་ན། དབྱར་དུས་ཉི་འོད་དྲག་པོའི་འོག་དུས་ཡུན་རིང་པོར་འོད་ཐིག་མཉམ་བསྡུ་བྱས་ཏེ། འོད་འཕྲོའི་དྲོད་ཚད་མཐོ་དྲགས་ནས་རླངས་འཁོར་འབར་སྲིད། དེ་བཞིན་རྒྱང་སྒྲིབ་མིག་ཤེལ་དང་མིག་ཤེལ་ནག་པོ་སོགས་མིག་ཤེལ་གྱི་སྒམ་ཆུང་ལ་སོགས་ཉི་འོད་འཕྲོ་མི་ཐུབ་པའི་སར་བཞག་ན་ལེགས།


 མེ་ཆ།

        མེ་ཆ་ནི་འབར་སླ་དང་འགད་སླའི་དངོས་པོར་གཏོགས་ཤིང་། མེ་ཆ་གང་བྱུང་དུ་རླངས་འཁོར་གྱི་རླུང་འགོག་ཤེལ་མདུན་དུ་བཞག་ནས་ཉི་འོད་དྲག་པོ་ཕོག་ཚེ་འབར་གས་འབྱུང་སྲིད།


 ཐན་སྐྱུར་བཏུང་བྱ།

        ཐན་སྐྱུར་བཏུང་བྱ་གཡོ་འགུལ་ཅུང་ཟད་བྱས་ཚེ་དམ་བུ་སྦོས་འགྲོ་བ་དང་། དེ་ནས་རླངས་འཁོར་ནང་བཞག་ནས་ཚ་སྦོས་གྲང་འཁུམ་བྱུང་ཚེ་འབར་གས་འབྱུང་སླ།


 གཏེར་ཆུ།

        སྤྱིར་བཏང་དུ་ཉིན་གུང་ལ་སྒོ་དམ་པོར་བརྒྱབ་པའི་རླངས་འཁོར་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ70ལ་ཉེ་བ་དང་། འོད་ཐིག་སྒེའུ་ཁུང་བརྒྱུད་ནས་རླངས་འཁོར་ནང་འཕྲོས་རྗེས། ཆུ་དམ་གྱི་མཐའ་སྣེ་བརྒྱུད་དེ་འོད་ཐིག་གཅིག་བསྡུ་བྱས་ཏེ་དྲོད་ཚད་ཧྲེ་ཧྲི་ཏུའུ120ལ་སླེབས་པས། རླངས་འཁོར་ནང་གི་འདྲེད་འགོག་གདན་སོགས་ཀྱི་དངོས་པོ་མེ་རུ་འབར་སླ།


 གློག་གསོག་ཆས།

        དབྱར་གྱི་ཚ་བ་ཆེ་བའི་དུས་སུ་རླངས་འཁོར་ནང་དུ་རླུང་མི་རྒྱུ་བ་དང་དྲོད་ཚད་ཆེ་བའི་གནས་ཚུལ་འོག གློག་གསོག་ཆས་ནང་གི་གློག་རྫས་ལ་འབར་གས་འབྱུང་བའི་ཉེན་ཁ་ཡོད།


 འགྱིག་བཟོས་རྩེད་ཆས།

        འགྱིག་བཟོས་རྩེད་ཆས་མང་ཆེ་བPVCའདུས་ཁིལ་ཁ་ཞཱི་རྒྱུ་ཆས་བཟོས་པ་དང་། རྒྱུ་ཆ་དེའི་རིགས་ཀྱིས་ཚ་བ་ཆེན་པོ་བཟོད་མི་ཐུབ། ཆེས་མཐོ་ན་ཧྲེ་ཧྲི་ཏུའུ81ལས་བཟོད་མི་ཐུབ། དྲོད་ཚད་མཐོ་བའི་ཁོར་ཡུག་འོག་གནོད་ལྡན་དངོས་རྫས་ཐོན་སླ་བ་དང་། མཁའ་དབུགས་ཁྲོད་ཁྱབ་ཚེ་རླངས་འཁོར་ནང་གི་མིའི་བདེ་ཐང་ལ་གནོད་པ་བཟོ་སྲིད།


 སྤོས་ཆུ།

        དྲོད་ཚད་མཐོན་པོའི་འོག་རླངས་འཁོར་གྱི་སྤོས་ཆུ་ཁ་ཤས་ལས་དུག་ལྡན་དངོས་རྫས་འབོར་ཆེན་ཕྱིར་མཆེད་པ་དང་། དེས་མི་ལུས་ཀྱི་བདེ་ཐང་ལ་གནོད་པ་བཟོ་སྲིད། སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་པའི་རླངས་འཁོར་ནང་དུ་རླངས་གཟུགས་ཕྱིར་འབུད་ས་མེད་པས། འབར་གས་འབྱུང་བའི་ཉེན་ཁ་ཆེ། ལྷག་པར་དུ་བླུག་སྣོད་ཤེལ་ཡིན་པའི་སྤོས་ཆུ་འབར་གས་བྱུང་རྗེས་མི་ལ་རྨས་སྐྱོན་ཕོག་སྲིད།


 CDའོད་སྡེར།

  དྲོད་ཚད་མཐོན་པོའི་འོགCDའོད་སྡེར་གྱི་རྒྱུ་ཆ་གཙོ་བོ་ལས་དུག་ལྡན་དངོས་རྫས་ཕྱིར་ཐོན་ཏེ་མཁའ་དབུགས་ཁྲོད་ཁྱབ་མཆེད་འབྱུང་བ་དང་། གཞན་འོད་སྡེར་གྱི་ཕྱི་ངོས་སུ་བྱུགས་པའི་དངོས་རྫས་ཁྲོད་དུ་ལྕགས་རིགས་འདུས་ཤིང་། དེས་མི་ལུས་ལ་གནོད་པ་ཐེབས་ཏེ་དལ་བའི་རང་བཞིན་གྱི་དུག་ཕོག་སྲིད། རབ་ཡིན་ནCDཁུག་མའི་ནང་ཉར་བའམUསྡེར་སྤྱོད་དགོས།


 ལྕགས་ཀྲིན་རླངས་སྦུད།

  ལྕགས་ཀྲིན་རླངས་སྦུད་ནི་འབར་སླ་དང་འགད་སླའི་དངོས་པོར་གཏོགས། ལྕགས་ཀྲིན་རླངས་སྦུད་ཀྱི་གནོན་ཤུགས་ཤིན་ཏུ་ཆེ་ཞིང་། ལྕགས་ཀྲིན་ནང་གི་གཤེར་གཟུགས་ཕྱི་ལ་གཏོར་ཐུབ། དྲོད་ཚད་མཐོན་པོའི་འོག་ཡུན་རིང་བཞག་ཚེ། འབར་གས་ཤོར་བའི་ཉེན་ཁ་ཤིན་ཏུ་ཆེ། །


《རླངས་འཁོར་བདེ་འཇགས་ཤེས་བྱ》ལྟར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1