མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་“དབྱར་རྩྭ་དགུ་འབུ་གསར་པའི་དུས་ཚིགས”ཀྱི་བྱེད་སྒོ་ཐོག་མ་སྤེལ་བ་རེད།
“འདི་ནི་ངས་རྫ་སྟོད་ནས་ཉོས་ཡོང་བའི་དབྱར་རྩྭ་དགུན་འབུ་ཡིན། ཁ་སང་ཉོས་མ་ཐག་ཡིན་པ་དང་། འབུ་ཆེ་ལ་སྤུས་ཚད་ཧ་ཅང་ཡག་པོ་ཡོད། འབུ་རེ་རེ་ལ་སྒོར་55ཡིན། ཉོ་སྒྲུབ་ཕེབས་པར་དགའ་བསུ་ཞུ”ཞེས་དབྱར་རྩྭ་དགུན་འབུའི་ཚོང་པ་འཇིགས་མེད་ཚེ་རིང་གིས་ཁོང་ཉིད་ཀྱི་དབྱར་རྩྭ་དགུན་འབུ་དེ་ལྟར་ངོ་སྤྲོད་བྱེད་བཞིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་དབྱར་རྩྭ་དགུན་འབུའི་ཐོན་འབོར་ཆག་པའི་རྐྱེན་གྱིས་རིན་གོང་ཅུང་འཕར་མོད། འོན་ཀྱང་དབྱར་རྩྭ་དགུན་འབུ་གསར་པའི་ཉོ་ཚོང་ཁྲོམ་རའི་ནང་སྔར་བཞིན་མི་ཚོགས་ཀྱིས་ཁེངས་ཡོད། “དབྱར་རྩྭ་དགུན་འབུའི”ཉོ་ཚོང་བྱེད་མཁན་དག་དེ་གར་འཛོམས་ཡོང་ནས་ཉོ་ཚོང་གི་ལས་ལ་མགོ་འཁོར་བཞིན་གདའ།