ཉེ་ཆར། སེར་ཤུལ་རྫོང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམ་བྱས་པའི《གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》གྱི་འབོད་སྐུལ་དང་ལེན་ཞུ་ཆེད་དང་། རང་རྒྱལ་གྱི2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུ་རྫས་ཉིན་མོ”ཡི་གཟུགས་མེད་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་ཡོད་པ་རེད། བྱེད་སྒོ་ཐོག་ཏུ་སེར་ཤུལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་སེར་ཤུལ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། གཟུགས་མེད་རིག་གནས་ཤུལ་བཞག་ཁང་གི་ལས་བྱེད་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ། གངས་ལྗོངས་ལག་བཟོ་ཁང་གི་འཐུས་མི་སོགས་ཞུགས་པ་རེད།
བྱེད་སྒོའི་ཐོག་ད་དུང་སེར་ཤུལ་རྫོང་གི་ཁག་བདུན་པའི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་དང་། གངས་ལྗོངས་ལག་བཟོ་ཁམས་པའི་ལག་ཤེས་པ་དང“གངས་ལྗོངས་ལག་བཟོ་ཁམས་པའི་ཕུལ་བྱུང་ལག་ཤེས་པ”བཅས་ལ་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།
བྱེད་སྒོའི་ཐོག《རྩེ་མདའ་སྐོར་བྲོ》དང་། ལ་གཞས《མཚོ་འགྲམ་གྱི་མེ་ཏོག》《ཞྭ་མོ་ཁ་སྡེར།》ལ་གཞས《ཕ་ཡུལ།》《ཤུག་པོའི་སྐོར་བྲོ》《གླིང་སྒྲུང་ཞབས་བྲོ》སོགས་ལེ་ཚན་རིམ་པ་བཞིན་འགྲེམ་སྟོན་བྱས་ཏེ་ལྟད་མོ་བ་ཚོའི་མིག་དབང་འཕྲོག་པར་བྱས་ཡོད། དེ་དང་ཆབས་ཅིག་ཁམས་སྨན་གསར་ལུགས་ཀྱི་ཐང་ག་དང་། འཇུ་མི་ཕམ་བོད་ལུགས་གསོ་བ་རིག་པ། སེར་ཤུལ་གྱི་རྒྱན་གོས། འདན་མ་རྩེ་མང་གི་ཡིག་གཟུགས། སེར་ཤུལ་གྲོང་རྡལ་ཞྭ་མོ་ཁ་སྡེར། འཇུ་སྒལ་གྲོང་རྡལ་ཨ་ཆུང་དང་ལོ། སེར་ཤུལ་ཀྱི་འབྲོག་པའི་རིག་གནས། སེར་ཤུལ་ཀྱི་རྡོ་བརྐོས། དཔལ་སྤྲུལ་རྩོམ་རིག་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ཕུལ་བྱུང་ལས་གཞི་བྱེད་སྒོ་སྤེལ་ཡུལ་དུ་འགྲེམ་སྟོན་བྱས་ནས་ལྟད་མོ་བའི་མིག་གི་ལོངས་སྤྱོད་དུ་བསྩལ་ཡོད་པ་རེད།
བྱེད་སྒོ་དེ་ངོ་མཚར་ཆེ་བའི་འགྲེམ་སྟོན་བརྒྱུད་ནས། མི་དམངས་མང་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་ཟབ་དུ་གཏོང་བ་དང་། མི་རྣམས་ཀྱིས་ལག་ཤེས་བཟོ་རྩལ་ལ་ངོས་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྱི་མཛེས་སྡུག་དང་འཚོ་བའི་མཛེས་སྡུག་ལ་རྒྱུས་ལོན་བྱས་ཤིང་། སེར་ཤུལ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ཕུན་སུམ་ཚོགས་པ་བཏང་ཡོད་པ་རེད།