ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-22


ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཐོག 

“རུལ་སུངས་མི་བྱེད་པ་གསུམ”གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ། 

■ རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་དོན་ཆེ་ཤོས་ཡིན་པའི་དམངས་སེམས་དང་འབྲེལ་བ་ཡོད་པ་དང་། དེ་ནི་ཕམ་མི་རུང་ལ་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་རེད། དུས་བབ་གསར་པའི་འོག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་17ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་དོན་ཆེ་ཤོས་ཡིན་པའི་དམངས་སེམས་དང་འབྲེལ་བ་ཡོད་པ་དང་། དེ་ནི་ཕམ་མི་རུང་ལ་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་རེད། དུས་བབ་གསར་པའི་འོག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཏང་གིས་ལོ་བརྒྱའི་འབད་འཐབ་བྱེད་རིང་སྐྱེད་སྲིང་བྱས་པའི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་ཅིག་རེད། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་མཐའ་འཁྱོངས་བྱས་ཡོད། དུས་རབས་གསར་པར་སླེབས་རྗེས་ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་སུ་བཅུག་སྟེ། རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་ཐབས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱས་ཡོད། ཏང་གིས་སྔར་འབྱུང་མྱོང་མེད་པའི་རུལ་རྒོལ་གཙང་སྤེལ་གྱི་འཐབ་རྩོད་བྱས་པ་བརྒྱུད། མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་ཐུབ་ཅིང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་པ། ཏང་ཡོངས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་པ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཉམས་མྱོང་གལ་ཆེན་བསགས་ཡོད། གཅིག་ནས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྣམ་པ་ཞིག་ཆགས་ནས། ཏང་ཀྲུང་དབྱང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། རིམ་ཁག་ཏང་ཨུད་ཀྱིས་སྤྱི་འདོམས་བཀོད་འདོམས་བྱེད་པ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། འགན་ནུས་སྡེ་ཚན་གྱིས་ལས་ཕྱོད་མཐོ་པོས་གཞོགས་འདེགས་བྱེད་པ། མི་དམངས་མང་ཚོགས་ཀྱིས་དེར་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཕྱིན་ཡོད། གཉིས་ནས་ཡན་ལག་བཅོས་པ་ནས་འགོ་བཙུགས་ཏེ། རྩ་བ་འཆོས་པ་ཡན་ལག་འཆོས་པའི་ནང་དུ་བཅུག་ནས་ཏང་ཡོན་ལས་བྱེད་པ་གུས་སྐྲག་གི་དབང་གིས“མི་ཕོད་པ”དང་། ལམ་ལུགས་ཀྱི་དབང་གིས“མི་ཐུབ་པ” གོ་རྟོགས་སད་པའི་དབང་གིས“མི་འདོད་པ”བཅས་ཀྱི་རྣམ་པ་ཆགས་ཡོད། གསུམ་ནས་སྔ་ཕྱི་བར་གསུམ་དུ་དམ་ནན་གྱི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་རུལ་སུངས་ལ་ཆད་པ་གཅོད་པ་དང་། འཕར་ཚད་གཏན་འགོག་དང་གསོག་འབོར་ཉུང་འཕྲི་མཐའ་གཅིག་ཏུ་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་ལ་འགོག་རྐྱེན་བཟོ་བ་དང་ཏང་གི་སྲིད་འཛིན་རྨང་གཞིར་གནོད་འཚེ་ཚབས་ཆེན་གཏོང་བའི་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ། ཏང་ལ་མངོན་བརྩི་ལྐོག་འགལ་གྱི་མགོ་གཉིས་མ་དང་མཚམས་དང་ཚོད་མེད་པའི་རུལ་སུངས་བ་མཐའ་གཅིག་ཏུ་གཙང་སེལ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་རྒོལ་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས། རྣམ་འགྱུར་མི་འགྱུར་བ་དང་། ཆོད་སེམས་མི་ཉམས་པ། ཚད་གཞི་མི་ཆག་པ་བཅས་བྱུང་ཡོད། བཞི་ནས་རུལ་སུངས་འགོག་བཅོས་ཀྱི་ལམ་ལུགས་ཀྱི་རླུང་ཙི་དམ་དུ་བཏང་སྟེ། ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་མ་ལག་ཆ་ཚང་ཞིག་ཆགས་པ་དང་། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། “སྒེའུ་ཁུང་ཆག་པའི་ལན་འབྲས”འགོག་པ། སྒྲིག་བསྟར་ཁྲིམས་བསྟར་མགོ་ནས་མཇུག་བར་ཁྱབ་པ། ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲིམས་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་ཐུབ་ཡོད། ལྔ་ནས་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་རགས་ཆེན་བསྐྲུན་ཏེ། ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་རྩ་སྲ་རྨང་བརྟན་བྱས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲས་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སེམས་པ་དྲང་ཞིང་ཀུན་སྤྱོད་ལེགས་པར་གྱུར་པ། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན་དང་བསམ་བློའི་བླ་སྲོག་བརྟན་པོ་བཙུགས་ནས། བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། དྲུག་ནས་དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་། སྒྲིག་སྲོལ་སྒྱུར་བཅོས། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་བཅས་ཟབ་ཏུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་དང་གཞུང་ལས་པའི་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། ཏང་གི་རང་ངོས་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། གནད་དོན་ཤེས་རྟོགས་དང་། དག་ཐེར་ལ་སྐུལ་འདེད། སྒྱུར་བཅོས་ལ་སྐུལ་འདེད། ལམ་ལུགས་འཐུས་ཚང་བཅས་མགོ་ནས་མཇུག་བར་འབྲེལ་མཐུད་བྱས་ཏེ། ཏང་ཡོན་ལས་བྱེད་པས་གཞུང་དྲང་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ནི་ཏང་ནང་ཁུལ་གྱི་རྒྱུ་རྐྱེན་ངན་པ་སྣ་ཚོགས་ཡུན་རིང་ཕུང་གསོག་ཐེབས་པ་དང་མུ་མཐུད་ཚབས་ཆེར་འགྲོ་བའི་མཚོན་ཚུལ་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་ནད་རྐྱེན་སྣ་ཚོགས་དང་འཐབ་རྩོད་བྱེད་པ་ཞིག་རེད། འཐབ་རྩོད་འདི་རིགས་ནི་རྙོག་འཛིང་དང་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ཕྱིར་བཤོལ་དང་འོས་མེད་འགྲིག་ཐབས་སྤུ་ཙམ་ཡང་བྱེད་མི་རུང་བར། ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་གྲི་དངོ་ནང་གཏད་ཀྱི་བློ་རྩ་བརྟན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་དུག་སྐྲན་མེད་པར་བཟོ་བ་དང་། དུག་གི་འབྱུང་རྩ་གཙང་སེལ། དུག་རྒྱུན་གཙང་བཟོ་བཅས་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་གསར་བརྗེའི་རྒྱལ་སྲིད་ཀྱི་ངོ་བོ་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡོད། ང་ཚོས་རུལ་སུངས་ཀྱི་ངན་རེངས་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ཚོད་དཔག་དམའ་པོ་གཏན་ནས་བྱ་མི་རུང་བར་ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ངེས་པར་དུ་དེ་གསུམ་ལ་དུས་གཅིག་ཏུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། ཕྱོགས་བསྡུས་ཤུགས་རྒྱག་པ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ཕན་ནུས་ཆེན་པོ་དང་། རུལ་སུངས་བྱེད་མི་ཐུབ་པའི་བཙན་ཞིང་ནན་པའི་ལམ་ལུགས་ཀྱི་གཅུན་འདོམས། རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་སློབ་གསོ་བཅས་ཀྱི་ལེགས་ཆ་གཞི་གཅིག་ཏུ་འདུས་པ་དང“དུས་འཁོར་ཧྲིལ་པོའི་དོ་དམ”བྱེད་ཐབས་ལ་བརྟེན་ནས་བྱེད་ཐབས་ཁག་སྲིད་ཇུས་ཀྱི་སྟོན་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་སྐུལ་འདེད། ལས་དོན་གྱི་ཕན་འབྲས་ཐད་ཕན་ཚུན་སྤེལ་རེས་བཅས་ལ་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྷག་དོན་དུ“འགོ་ཁྲིད་ཨང་དང་པོའི”འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་ཁུར་བ་བཅས་བྱས་ཏེ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལྟ་འདོམས་ཀྱི་འགན་འཁྲི་དོན་འཁྱོལ་དང་། རང་འགན་གཙང་སྒྲུབ་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་བཀོད་པ་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་དབར་མགོ་ནས་མཇུག་བར་འབྲེལ་མཐུད་བྱས་ནས་རུལ་སུངས་འགོག་བཅོས་བྱེད་རིང་ཆབ་སྲིད་ཀྱི་ལྟ་སྐུལ་དང་། བསམ་བློའི་སློབ་གསོ། རྩ་འཛུགས་ཀྱི་དོ་དམ། སྤྱོད་ཚུལ་བཅོས་སྒྲིག སྒྲིག་ཁྲིམས་ལག་བསྟར། ལམ་ལུགས་འཐུས་ཚང་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་སྤྱི་ཡོངས་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཐར་པར་གཏན་ནས་མི་གཏོང་བའི་ཉེན་ཟོན་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་ལས་དོན་སྤེལ་ཤུགས་རྒྱུན་འཁྱོངས་ཀྱིས་ཁྱབ་ཁོངས་ཁག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཡང་ཡང་ཐོན་པའི་གནད་དོན་རྙིང་པ་དེ་དག་རིམ་བཞིན་ཐོན་ཉུང་དུ་བཏང་ནས་མཐར་མ་ཐོན་པ་བྱེད་པ་དང་། ཐོན་བཟོ་ཡོད་པའི་གནད་དོན་གསར་པ་ཁག་གཅིག་གཏན་ནས་མ་ཐོན་པ་བྱས་ཏེ་གནད་དོན་ཐོན་ཚད་མཐའ་གཅིག་ཏུ་བཀག་འགོག་དང་གནད་དོན་གསོག་འབོར་མེད་པར་བཟོ་དགོས། རུལ་སུངས་ཀྱི་མཚོན་ཚུལ་མངོན་གསལ་དོད་པོ་དང་། གཙོ་གནད་ཁྱབ་ཁོངས། ཐོན་མང་བའི་ལྷུ་ཚིགས་བཅས་གནད་འཁེལ་འཚོལ་ཞིབ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་གཅིག་སྡུད་བཅོས་སྒྲིག་གིས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་རྩ་ནས་འགོ་བཙུགས་ཏེ་དབང་ཆ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དེ་བས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་རུལ་སུངས་ཀྱི་གནད་དོན་ལ་འགོག་ཟོན་དང་བཅོས་སྒྲིག་བྱེད་དགོས། རུལ་སུངས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཁྲིམས་གཅོད་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ནས་རུལ་སུངས་བྱེད་ཐབས་མངོན་མེད་སྒྱུར་ཐབས་དང་གསར་སྒྱུར་རིམ་སྤོར་སོགས་ཀྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་། རུལ་སུངས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། ལྟ་སྐུལ་གྱི་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་དང་ལས་དོན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དབང་ཆར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་ཁྱོན་ཡོངས་ལ་ཁྱབ་པ་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབང་ཆ་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ནས་འགོ་བཙུགས་ཏེ་དམ་འཛིན་ནན་པོ་བྱེད་དགོས། གོ་གནས་ཇི་ཙམ་མཐོ་བ་དང་དབང་ཆ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་གུས་སྐྲག་གི་བསམ་པ་ལྡན་དགོས་ལ་རང་གཅུན་ནན་པོ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་གཅུན་ནན་པོ་བྱེད་པའི་ཐད་ངེས་པར་དུ་ཚད་གཞི་མཐོ་ཤོས་མཐའ་འཁྱོངས་བྱས་ནས་ཏང་ཡོངས་ལ་སྒྲུབ་དགོས་པའི་བླང་བྱ་བཏོན་རིགས་སྔོན་ལ་སྒྲུབ་པ་དང་ཏང་ཡོངས་ལ་སྒྲུབ་མི་ཆོག་པའི་བླང་བྱ་བཏོན་རིགས་གཏན་ནས་སྒྲུབ་མི་རུང་།

        ཞི་ཅིན་ཕིང་གིས་གསུངས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་ངང་ཁ་གཏད་བཅག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆོས་ཉིད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་དང་། ལས་དོན་གྱི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་ནང་ཁུལ་དང་སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས“སྒྲོན་འོག་མུན་པ”བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་བློ་དཀར་སེམས་དཀར་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པར་ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། དྲང་གཞག་ངང་སྒྲིག་ཁྲིམས་ལག་བསྟར་བྱེད་པ། དབང་ཆ་གཟབ་ནན་ངང་སྤྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་དངོས་འབྲེལ་བློ་ཡིད་ཚིམ་ཐུབ་པ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1