ལྕགས་ཟམ་རྫོང་གིས་གསར་བརྗེའི་རྫོང་སྐྲུན་པའི་འདུ་འགོད་ལག་ལེན་བསྟར་བ་དང་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་ལྕགས་ཟམ་ཁའི་དཔེ་མཚོན་ཧུར་ཐག་བསྐྲུན།
སློབ་མ་ཚོས་ལྕགས་ཟམ་ཁའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ།
གསར་བརྗེའི་གླུ་གཞས་སྙན་མོ་རི་ཀླུང་ཀུན་ཏུ་ཁྱབ་ཅིང་གསར་བརྗེའི་གཏམ་རྒྱུད་རེ་རེས་སློབ་མ་ཚོའི་བློ་སྒོ་ཕྱེས། རྒྱང་སྐྱོད་ཀྱི་ལམ་བུ་རེ་རེས་མི་རྣམས་ལ་ཚོར་སྣང་ཟབ་མོ་བསྩལ། ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ནས་ལོ་ཕྱེད་ལྷག་ཙམ་འགོར་མོད། རྒྱལ་སྤྱིའི་མཁའ་འགྲུལ་ལྷོ་ནུབ་ཡན་ལག་སྤྱི་གཉེར་ཁང་ཕྱོགས་བསྡུས་འགན་བཅོལ་པུའུ་ཡི་ཏང་ཚོགས་ཀྲུའུ་རེན་ལིའུ་ཆི་ཡི་བློ་ལ་ད་དུང་ལྷང་ངེར་གསལ། ལོ་ཕྱེད་སྔོན་དུ་ལིའུ་ཆི་ཡིས་སློབ་མ་བརྒྱ་ལྷག་ཙམ་དང་མཉམ་དུ་ལྕགས་ཟམ་རྫོང་ནས“རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པའི”གསར་བརྗེའི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་གླུ་དབྱངས་ལེན་པ། གཏམ་རྒྱུད་ལ་ཉན་པ། མྱོང་ཚོར་གླེང་བ་བཅས་བྱས་པས་སྙིང་སྟོབས་དང་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་།
ལོ་རྒྱུས་ཀྱི་ངོ་བོ་གསལ་འབྱེད་དང་དཔའ་བོའི་བླ་སྲོག་གཅིག་ཏུ་འདུས་པ་ལས་ལྕགས་ཟམ་རྫོང་གི་གསར་བརྗེའི་རང་བཞིན་གཏན་འཁེལ་ཡོད་ཅིང་། ལྕགས་ཟམ་རྫོང་ལ་བསམ་པའི་རྒྱུ་ནོར་རྩ་ཆེན་བཞག་པ་དང་མི་རབས་ནས་མི་རབས་བར་དུ་ལྕགས་ཟམ་རྫོང་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་བརྗེའི་སྙིང་སྟོབས་ཀྱི་ཁྲིད་སྟོན་འོག་རྒྱུན་མི་ཆད་པར་མདུན་སྐྱོད་བྱེད་བཞིན་ཡོད།
ལྕགས་ཟམ་རྫོང་གིས་རྒྱང་སྐྱོད་སྙིང་སྟོབས་སྔོག་པར་མཐོང་ཆེན་དང་གསར་བརྗེའི་རིག་གནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ“དད་སེམས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ། ཞུམ་མེད་མདུན་སྐྱོད” བཅས་ཀྱི་ལྕགས་ཟམ་ཁའི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་དད་སེམས་དེ་མི་རབས་ནས་མི་རབས་བར་གྱི་མིའི་རུས་རྐང་སུ་ཟུག་པར་བྱས། 《ལྕགས་ཟམ་ཁ་བླངས་པ》དང《ངོ་མཚར་ཆེ་བའི་དཔའ་བོ་ལིའུ་ཅིན་ཧྲན་གྱི་གཏམ་རྒྱུད》《ཁྲག་གོས་བླ་སྲོག》སོགས“ས་གནས་དེ་གའི་སློབ་གཞི”རྩོམ་སྒྲིག་བྱས།《1935ལོའི་རྒྱལ་མོ་རྔུལ་ཆུའི་གཡུལ་འགྱེད》དང《1935ལོར་ལྕགས་ཟམ་ཁ་བླངས་པ》 《བཀག་རྒྱ་གཏོར་བ》 《ལྕགས་ཟམ་ཁའི་ལོ་ངོ་སུམ་བརྒྱའི་དོན་ཆེན་ཟིན་ཐོ》སོགས་གསར་བརྗེའི་གསུང་རྩོམ་པར་དུ་བསྐྲུན། དཔེ་དེབ་ཀྱི་ཤོག་ལྷེ་རེ་རེའི་ངོས་སུ་ངོ་མཚར་ཆེ་བའི་གཏམ་རྒྱུད་བྲིས་ཡོད་ལ། གློག་བརྙན་གྱི་འཆར་ངོས་བརྒྱུད་ནས་སྙིང་སྟོབས་ཀྱི་མེ་དཔུང་རབ་ཏུ་འབར།
འབོ་ཞབས་གྲོང་རྡལ་དུ་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པར་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
ལྕགས་ཟམ་རྫོང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་སྐྱོད་སྐབས་བློ་མཐུན་མའོ་ཙེ་ཏུང་གི་བརྗིད་རྔམ་ཆེ་བའི《རྒྱང་སྐྱོད · སྙན་ངག་ཚིག་བདུན་མ》ཞེས་པ་མིག་ལམ་དུ་མངོན་པས་མཐོང་བ་ཙམ་གྱིས་ཡིད་སྨོན་སྐྱེས་པ་ཞིག་རེད། མ་དངུལ་སྒོར་དུང་ཕྱུར1.2བཏང་ནས་བསྐྲུན་པའི་རྟེན་གཞིའི་བཟོ་སྐྲུན་དུས་རིམ་དང་པོ་གྲུབ་པས་གསར་བརྗེའི་རིག་གནས་ཞིབ་འཇུག་དང་བརྒྱུད་བསྒྲགས་བྱེད་པར་ལས་སྟེགས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། ད་ཆ་མ་དངུལ་སྒོར་དུང་ཕྱུར2.98བཏང་བའི་རྟེན་གཞིའི་ལས་གཞི་གཉིས་པ་དང་གསུམ་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། གཟུགས་པོར་བརྟག་དཔྱད་ལྟེ་གནས་དང་རིག་གཞུང་སྤེལ་རེས་ལྟེ་གནས་གཉིས་ད་ལོ་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང2023ལོར་ཁྱོན་ཡོངས་ནས་བསྐྲུན་རྗེས་དུས་མཉམ་དུ་སློབ་ཁྲིད་བྱེད་མཁན500ཤོང་བ་རེད།
“སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཞིབ་འཇུག་སློབ་སྦྱོང་གི་ཚོད་ལྟའི་རྫོང་ཡིན་པའི་ཆ་ནས། ལྕགས་ཟམ་རྫོང་གིས་ལྕགས་ཟམ་ཁའི་གསར་བརྗེའི་གསོ་སྦྱོང་ལྟེ་གནས་སོགས་ཞིབ་འཇུག་སློབ་སྦྱོང་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས། སློབ་ཁང་སློབ་ཁྲིད་དང་སྣང་ཚུལ་སློབ་ཁྲིད། མྱོང་རོལ་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་གསར་བརྗེའི་རིག་གནས་ཞིབ་འཇུག་བརྒྱུད་སྤེལ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ། ལྕགས་ཟམ་ཁའི་ཁྱད་ཆོས་ལྡན་པ་བཅས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་མའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱ་ཆེ་བའི་ཡུལ་སྐོར་བར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལེགས་པོ་བགྲོད་པར་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། 2020ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ནས་བཟུང་། ཞིབ་འཇུག་སློབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས220ལྷག་ཙམ་སྤེལ་བ་དང་མི་ཐེངས་ཁྲི་གཅིག་ལྷག་ཙམ་ཞུགས་ཡོད་པ་རེད།
ལག་ལེན་ནི་ཤེས་རྟོགས་ཀྱི་འགོ་འཛུགས་ས་ཡིན་ལ་ཤེས་རྟོགས་ནི་ལག་ལེན་གྱི་གྲུབ་འབྲས་ཡིན། གསར་བརྗེའི་རིག་གནས་ཞིབ་འཇུག་དང་ཁྱབ་སྤེལ་སྔར་ལས་སྐུལ་འདེད་གཏོང་ཆེད། ལྕགས་ཟམ་ཁའི་གསར་བརྗེའི་རིག་གནས་བེད་སྤྱོད་གང་ལེགས་བྱས་ནས་ལྕགས་ཟམ་རྫོང་གིས་དམར་དམག་གིས་ལྕགས་ཟམ་ཁ་བླངས་པའི་རྗེས་དྲན་ཁང་དང་། འབོ་ཞབས་གནའ་གྲོང་། ཧྭ་ལིན་གནའ་གྲོང་། ལན་ཨན་གནའ་གྲོང་བཅས་གཙོ་གནད་དུ་བཟུང་ནས་དུང་དཀར་ལུང་པ་དང་གླང་རྒྱབ་སྒང་། མཚོ་གཉིས་སེའུ་དམར་ལུང་པ། འབོ་བཀག་གླིང་དམར་དམག་གྲོང་ཚོ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རིམ་འདས་ལས་གྲྭའི་མཛེས་ལྗོངས་ཁུལ། ལན་ཨན་སུའུ་ཝེ་ཨེད་སྲིད་གཞུང་གནས་ཡུལ་རྙིང་པ་སོགས་ཞིབ་འཇུག་སློབ་སྦྱོང་ས་ཚུགས་དང་འབྲེལ་མཐུད་བྱས་ནས “གནས་ཐིག་ངོས”གསུམ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཕྱོགས་ཚད་སྟར་སྒྲིག་བཏོད་དེ་སྤུས་ཚད་མཐོ་བའི་གསར་བརྗེའི་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་སོའི་རྟེན་གཞི་བསྐྲུན་ཡོད་པ་རེད། “སྐད་གྲགས་ཆོད་པའི་གསར་བརྗེའི་ལྕགས་ཟམ་ཁ”ཡི་སྤུས་རྟགས་ཞིབ་འཇུག་བྱེད་པར་དམིགས་ནས་ཚད་གཞི་མཐོན་པོའི་སྒོ་ནས“ལྕགས་ཟམ་བླངས་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས”གཙོ་རྐང་དུ་བྱེད་པ་དང་།“ལམ་གཉིས”ཀྱི་སྙིང་སྟོབས་ཁྱད་ཆོས་སུ་བྱེད་པ། “དུས་རབས་གསར་པའི་རྒྱང་སྐྱོད་སྙིང་སྟོབས”ཀྱིས་རྒྱང་སྐྱོད་ལོ་རྒྱུས་དོན་དངོས་དང་རྒྱང་སྐྱོད་སྙིང་སྟོབས། ས་ཁོངས་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་རྩེར་སོན་ཞིབ་འཇུག་དང་སློབ་སྦྱོང་གི་མ་ལག་བཅས་མངོན་པར་བྱས། གངས་དཀར་རི་བོའི་སྤྲོ་གསེང་ཐོན་ཁུངས་དང་ལྗང་མདོག་གི་ཡུལ་སྡེའི་སྐྱེ་ཁམས་ཐོན་ཁུངས། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ལོ་རྒྱུས་དང་རིག་གནས་ཐོན་ཁུངས་བཅས་བེད་སྤྱོད་དང་གསར་བརྗེ་འཚོལ་ཞིབ་དང་ཡུལ་སྐོར་སྐྱེ་ཁམས་རིག་གནས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཏེ། གསར་བརྗེར་ཞིབ་འཇུག་དང་སློབ་སྦྱོང་གཙོ་བོར་བཟུང་ནས་གངས་དཀར་རི་བོའི་བདེ་གསོས་སྤྲོ་སེང་གཏོང་ཡུལ་གསར་བརྗེ་ཚོགས་པའི་ཡུལ་སྐོར་ཐོན་ལས་མ་ལག་བཙུགས་ཏེ། རྒྱལ་ཡོངས་ཀྱི་གསར་བརྗེའི་ཚོགས་པའི་ཡུལ་སྐོར་བྱ་ཡུལ་དང་རྒྱལ་སྤྱིའི་བདེ་གསོས་གུང་སེང་གཏོང་ཡུལ་ཧུར་ཐག་གིས་བསྐྲུན་དགོས།
ལོ་ངོ་བརྒྱ་ལ་འབད་འཐབ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བགྲོད། 2021ལོའི་ཟླ་བ5ཚེས31ཉིན།“རྒྱང་སྐྱོད་རིག་གནས་གླེང་སྟེགས་ལྕགས་ཟམ་ཁའི་རིག་གཞུང་དབུ་ཚོགས”སྐབས་དང་པོ་ལྕགས་ཟམ་ཁ་ནས་འཚོགས། ལྕགས་ཟམ་ཁས་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཁྲོད་ནས་བསམ་པའི་རྒྱབ་རྟེན་འཚོལ་བ་དང་། ཏང་གི་ལོ་བརྒྱའི་རླབས་ཆེ་བའི་རྒྱང་སྐྱོད་ལམ་བུའི་ཁྲོད་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། དམར་དམག་གིས་ལྕགས་ཐག་ཟམ་པ་བླངས་པའི་དྲན་གསོའི་གནས་གཞི་དེ་རྒྱལ་ཡོངས་ཀྱི་མཚོན་རྟགས་དང་དོན་སྙིང་ལྡན་པའི་རྒྱང་སྐྱོད་སྙིང་སྟོབས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་ཤུགས་རྐྱེན་གལ་ཆེན་ལྡན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”གཙོ་དོན་སློབ་གསོའི་རྟེན་གཞི་ཞིག་ཧུར་ཐག་བསྐྲུན་རྒྱུ་རེད། སྤྱི་ཟླ5པའི་ཚེས29ཉིན་ནི་དམར་དམག་གིས་ལྕགས་ཐག་ཟམ་པ་བླངས་པའི་དྲན་གསོའི་ཉིན་མོ་ཡིན་ལ། ལྕགས་ཟམ་རྫོང་གི་གསར་བརྗེ་སློབ་གསོ་ཁྲིམས་སུ་བཀོད་པའི་དུས་ཆེན་ཞིག་ཀྱང་རེད། གསར་བརྗེའི་གླུ་དབྱངས་དང་གསར་བརྗེའི་གཏམ་རྒྱུད་ཚོགས་འདུ། གསར་བརྗེའི་བྱེས་བགྲོད་འགྲན་རྩོད། གསར་བརྗེའི་རིག་གཞུང་དབུ་ཚོགས་སོགས་ལོ་ལྟར་ཟླ་བ5པའི་ཚེས29ཉིན་ལྕགས་ཟམ་རྫོང་གིས་བྱེད་སྒོ་སྤེལ་བར་བརྒྱུད་ནས་རྣམ་པ་མི་འདྲ་བའི་སྒོ་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ། ལྕགས་ཟམ་རྫོང་གི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱེད་ཀྱི་ཡོད།
ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོ་མིའི་སེམས་ཀྱི་གཏིང་ལ་ཟུག་པ་དང་རིགས་པའི་གཞུང་ལུགས་ལ་འབད་བརྩོན་ལྷོད་མེད་བྱེད་པ། བསམ་བློའི་སློབ་གསོ་ཡུན་རིང་སྤེལ་བར་བརྒྱུད་དད་སེམས་ཀྱི་རྨང་གཞི་ཇེ་བརྟན་དང་སྙིང་སྟོབས་ཀྱི་ཀ་བ་བརྟན་བརླིང་། བསམ་བློའི་ཁ་ཕྱོགས་གསལ་བོ་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ལྕགས་ཟམ་རྫོང་གིས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས།
གསར་བརྗེའི་རིག་གནས་ནི་ལྕགས་ཟམ་རྫོང་གི་རྩ་ཆེ་བའི་རྒྱུ་ནོར་ཡིན་ཅིང་ལྕགས་ཟམ་རྫོང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྟོབས་ཤུགས་ཆེན་པོ་བསྩལ། ལྕགས་ཟམ་ཁས་ཆེས་བཀྲག་མདངས་འཚེར་བའི་ཚོན་མདངས་ཀྱིས་ལྕགས་ཟམ་ཀྱི་གསར་བརྗེའི་ལོ་རྒྱུས་བྲིས་དང་འབྲི་བཞིན་མཆིས་སོ།།