ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ཐད་ཀྱི་དྲ་དམངས་ཀྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་བྱེད་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ལས་དོན་ལ་དམིགས་ནས་དྲ་རྒྱ་ནས་བསམ་འཆར་བསྡུ་ལེན་བྱ་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཆེད་ཐབས་འདོན་ཇུས་འབུལ་གྱི་བྱ་ཐབས་ནུས་ལྡན་ཞིག་རེད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། ད་རེས་ཀྱི་བྱེད་སྒོ་འདིར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་ནས་དེའི་ནང་ཧུར་ཐག་ཞུགས་ཏེ་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ལེགས་བྱེད་དགོས། ད་རེས་ཀྱི་བྱེད་སྒོའི་ལེགས་གྲུབ་ལྡན་པའི་བྱ་ཐབས་ཕྱོགས་སྡོམ་བྱས་ཏེ། དུས་བབ་གསར་པའི་འོག་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་ནས་དྲ་སྦྲེལ་སོགས་ཐབས་ལམ་སྣ་ཚོགས་སྤྱོད་མཁས་པོ་བྱས་ཏེ་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་དྲིས་ཏེ་དེ་བས་ལེགས་པའི་སྒོ་ནས་དམངས་ཀྱི་འབོད་སྒྲ་ཉན་པ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག དམངས་ཀྱི་བསམ་བློར་བསྟུན་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་སྔར་ལས་ལྷག་པ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
འདི་ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ཐད་དྲ་རྒྱའི་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་ཟླ་4ཚེས་15ཉིན་ནས་ཟླ་5ཚེས་16ཉིན་བར་སྤེལ་ཏེ། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཁོངས་གཏོགས་ཀྱི་གཞུང་ཕྱོགས་དྲ་བ་དང་གསར་འགྱུར་དུད་སྣེ་དང་། དེ་བཞིན“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་ལས་སྟེགས་སུ་ཆེད་སྒྲིག་ལེ་ཚན་བཏོན་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད། བྱེད་སྒོར་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་དོ་ཁུར་རྒྱ་ཁྱབ་བྱས་ནས་ཧུར་ཐག་ཞུགས་པ་དང་། རིམ་རྩིས་བྱས་ན་དྲ་དམངས་ཀྱི་གྲོས་འགོ་ཁྲི་854.2ལྷག་ཙམ་འབྱོར་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ལ་དཔྱད་གཞི་ཡག་པོ་མཁོ་འདོན་བྱས་ཡོད་པ་རེད།