ཁྱད་ལྡན་ཐོན་ལས་ཀྱིས།། གྲོང་གསེབ་དར་རྒྱས་བཏང་།།

ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 06-29




——ཆུ་ཆེན་རྫོང་འོ་བཟི་ཡུལ་ཚོ་ཡོམ་འབྲུག་གྲོང་སྡེས་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཟུར་བཀོད། 


 

       ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་བྱ་རྒྱུ་དེ། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་འགག་རྩ་གལ་ཆེན་ཞིག་ཏུ་བརྩིས་ནས། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རིག་ལམ་རྒྱ་ཆེར་བཏང་སྟེ། ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ། ཐོན་ལས་ལ་བརྟེན་ནས་དར་རྒྱས་གཏོང་རྒྱུར་རོགས་འདེགས་བཅས་བྱས་ཡོད། ད་ལྟ། ཁྱད་ལྡན་ཐོན་ལས་ནི་ཆུ་ཆེན་རྫོང་གི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོད།


 

       དབྱར་ཟླ་མགོ་མའི་དུས་སུ། གསར་འགོད་པས་ཆུ་ཆེན་རྫོང་འོ་བཟི་ཡུལ་ཚོ་ཡོམ་འབྲུག་གྲོང་སྡེའི་རི་མཐོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་གྲོང་མི་ཚོས་ཞིང་ནང་དུ་ངལ་རྩོལ་ལ་བྲེལ་བཞིན་ཡོད་པ་མཐོང་། ཚང་མས་ལས་བགོས་གོ་རིམ་ལྡན་པ་དང། ལས་ཤུགས་ཆེ་བའི་ངང་ནས་རྩྭ་ལྡུམ་གཙང་སེལ་བྱེད་པའི་རྣམ་པས་ཁེངས་འདུག་འདུག

       ཆུ་ཆེན་རྫོང་གི་གནམ་གཤིས་ཐོན་ཁུངས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས། གླང་རྔ་འདེབས་རྒྱུར་འཚམ་པོ་ཡོད་པས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཐུབ་པར་མ་ཟད། མང་ཚོགས་ཀྱི་ཡོང་འབབ་བརྟན་པོར་ཡོང་བའི་འགན་ལེན་ནུས་ལྡན་ཐུབ་ཡོད། 2021ལོར་ཡོམ་འབྲུག་གྲོང་སྡེས་ཏང་ཀྲི་པུའུ་ནི་སྲོག་ཤིང་དུ་འཛིན་པ་དང་། ཐོན་ལས་རྟེན་གཞི་ནི་རྒྱབ་རྟེན་དུ་བྱེད་པ། ཞིང་དུད་ནི་སྲོག་ཤིང་དུ་འཛིན་པ་བཅས་ཀྱི་བྱེད་ཐབས་བརྒྱུད། ཀྲི་པུའུ་དང་། རྟེན་གཞི། ཞིང་དུད་བཅས་ཀྱི་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ། ཏང་ཀྲི་པུའུ་དང་། ཐོན་ལས་རྟེན་གཞི། ཞིང་དུད་བཅས་ཀྱི་མཉམ་འབྲེལ་དམ་ཟབ་ཀྱི་སྒྲིག་གཞི་བཙུགས་ནས། ཏང་ཀྲི་པུའུ་ཡིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་མཉམ་ཞུགས་བྱེད་པ་བཅས་ཀྱི་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་མཉམ་ལས་གཉིས་ཕན་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།

 

       དེ་སྔ། སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་ཡོང་འབབ་ཉུང་ཉུང་རེད། ན་ནིང་ངས་རང་ཁྱིམ་གྱི་ས་ཞིང་མུའུ་11རྟེན་གཞིར་སྤྲད་པར་མ་ཟད། རྟེན་གཞིར་གླ་ས་ཐུབ་ཡོད། དེ་འདྲ་བྱས་ཚེ་ཁྱིམ་བདག་སྐྱོང་གི་ཞོར་དུ་འདེབས་འཛུགས་ལག་རྩལ་ཡང་སྦྱོང་ཐུབ་ཅེས་ཡོམ་འབྲུག་གྲོང་སྡེའི་གྲོང་མི་ཁྲེན་ཡུང་ཧུང་གིས་ས་ཞིང་འཁོར་རྒྱུག་དང་རྟེན་གཞི་གཉེར་སྐྱོང་བྱེད་པ་ལས་བྱུང་བའི་ཁེ་ཕན་གྱི་མྱོང་ཚོར་གསར་འགོད་པ་ལ་བཤད། ད་ལོ་ནི་ཁོས་རྟེན་གཞིར་ལས་ཀ་བྱེད་པའི་ལོ་གཉིས་པ་རེད།


       ཆུ་ཆེན་རྫོང་འོ་བཟི་ཡུལ་ཚོ་ཡོམ་འབྲུག་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་བདེ་མཆོག་གིས། ང་ཚོའི་གྲོང་སྡེས་སྔོ་ཚལ་གླང་རྔ་བཏབ་པ་བརྒྱུད་ལོ་ལྟར་ས་ཞིང་མུའུ་རེ་བོགས་མར་བཏང་བར་ཡོང་འབབ་སྒོར་900ཡོང་གི་ཡོད། གྲོང་མིའི་ལས་མིར་ཉིན་རེར་ཡོང་འབབ་སྒོར་100ནས་150བར་ཡོད། ལོ་ཧྲིལ་བོར་ཆ་སྙོམས་བྱས་ན་ཉིན་100ལ་ལས་ཀ་ཡོད། ད་ལྟ་རྟེན་གཞིར་གླང་རྔ་མུའུ་330དང་དྲོད་ཁང་ཆེན་པོའི་ནང་སྔོ་ཚལ་མུའུ་15བཏབ་ནས་ཡོམ་འབྲུག་གྲོང་སྡེར་ངལ་རྩལ་ལས་ཞུགས་བྱས་ནས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་ཅེས་བཤད།

 

       གླང་རྔ་འདེབས་པའི་དུས་ཚོད་ནི་སྟོན་དཔྱིད་གཉིས་ཀྱི་ཉིན90ཡས་མས་ཡིན། མིག་སྔར། ཡོམ་འབྲུག་གྲོང་སྡེའི་གླང་རྔའི་ཡོང་འབབ་སྒོར་ཁྲི་50ཟིན་པས་རྣམ་གྲངས་དེ་ཁོ་ནས་གྲོང་སྡེ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1500ཡོད།

 

       ཡོམ་འབྲུག་རི་མཐོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དེས། ཡུལ་ཚོ་ཡོངས་ཀྱི་ཐོན་ལས་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་ནས། ནོར་གནག་གསོ་སྤེལ་ཁོ་ན་ཙམ་མིན་པར། མ་རྨོས་ལོ་ཏོག་དང་སྲན་མ་བཅས་འདེབས་པ་གཙོ་བོར་བྱས། ད་ལྟ། དཔལ་འབྱོར་གྱི་རིན་ཐང་མཐོ་བའི་སྔོ་ཚལ་འདེབས་རྒྱུ་དེ་གཙོ་བོར་གྱུར་ཡོད། རྗེས་མར། ཡོམ་འབྲུག་གྲོང་སྡེས་ཐོན་ལས་གཉིས་པར་ཤུགས་སྣོན་རྒྱག་པ་དང་། སྔོ་ཚལ་གྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། སྐྱེ་ལྡན་ཐོན་ལས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱས་ནས། ཧུར་ཐག་སྒོས་སྐྱེ་ཁམས་ལེགས་སྒྱུར་དང་ལྗང་མདོག་ལྗོངས་སྐོར་གྱི་རྣམ་པ་གསར་བ་གཏོད་རྒྱུ་རེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1