༄༅།། བདེ་ཆེན་འཇང་གི་རིག་གནས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19


འཇང་རིགས་བུད་མེད།(པད་མ་ཚེ་རིང་གིས་པར་བླངས།)


ཆུ་དཀར་ཆུ་ནག (པད་མ་ཚེ་རིང་གིས་པར་བླངས།)


        བདེ་ཆེན་ཁུལ་གྱི་འཇང་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་སན་པ་ཤང་དང་ཅིང་ཅང་གྲོང་རྡལ། སྟག་མཆོང་གྲོག་རོང་གྲོང་རྡལ། ཧྲང་ཅང་ཤང་། ལུའོ་ཅི་ཤང་།  དེ་མིན་འབའ་ལུང་རྫོང་གི་གྲོང་རྡལ་སོ་སོ་དང་འཇོལ་རྫོང་གི་གྲོང་རྡལ་འགའ་ཤས་སུ་གཙོ་བོར་ཁྱབ་ཡོད།  འཇང་སྐད་ནི་རྒྱ་བོད་སྐད་ཁོངས་ལས་བོད་འབའ་སྐད་རིགས་ཀྱི་དབྱིས་ཡན་ལག་སྐད་རིགས་སུ་གཏོགས་ཤིང་།  མི་རིགས་གཞན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ས་ཁུལ་སོ་སོའི་ཁྱད་ཆོས་ཅུང་མི་འདྲ།  འཇང་རིགས་ཀྱི་མེས་པོས་ལོ་ངོ་ཆིག་སྟོང་སྔོན་ལ་འདྲ་གཟུགས་ཡི་གེ་གསར་གཏོད་བྱས་ཤིང་།  འདྲ་གཟུགས་ཡི་གེ་བྲིས་པའི་གསུང་རབ་དེ་ལ་སྟོན་པའི་ཆོས་དཔེ་ཞེས་ཟེར་བ་ཡིན་ཏེ།  སྟོན་པའི་ཆོས་ལུགས་ནི་སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་ཆུ་དཀར་ཆུ་ནག་ནས་དར་བ་རེད།  འབའ་སྡེ་གྲོང་སྡེའི་འཇང་རིགས་ཀྱིས་ད་ལྟའི་བར་དུ་སྟོན་པའི་ཆོས་ལུགས་ཀྱི་གདོད་མའི་མཆོད་འབུལ་བྱེད་སྲོལ་ད་དུང་སོར་ཉག་བྱས་ཡོད་ལ། བདེ་ཆེན་འཇང་རིགས་ཀྱིས་ཞིང་ལས་གཙོ་བོ་འཛིན་པ་དང་། ཕྱུགས་ལས་གཞོགས་འདེགས་སུ་འཛིན་ཡོད།  འབྲས་དང་མ་རྨོས་ལོ་ཏོག  གྲོ་བཅས་གཙོ་བོར་འདེབས་འཛུགས་བྱས་ཤིང་། གཡང་དཀར་ལུག་དང་ར་མ།   མ་ཧེ་སོགས་ཕྱུགས་རིགས་གསོའི་སྲོལ་ཡོད། 
       བདེ་ཆེན་འཇང་གི་རིག་གནས་ལོ་རྒྱུས་རྒྱུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ཏེ།  སྟོན་པའི་ཆོས་དཔེ་དང་ལོ་རྒྱུས་མཚོན་པའི་སྙན་ངག་ལ་སོགས་པའི་རྩོམ་རིག་མང་པོ་ཡོད་པ་དང་།  རིག་གནས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཆགས་ཡོད། འཇང་རིགས་ནི་གླུ་གར་ལ་མཁས་ཤིང་།  མཚོན་བྱེད་ཀྱི་གླུ་གར་གཙོ་བོ་ནི“ཡ་ལི་ལི”དང་“མན་ཏ”“ཨ་ལེ”སོགས་ཡོད་པ་རེད། སྲོལ་རྒྱུན་གྱི་བཟོ་བཀོད་མཛེས་རྩལ་ནི་སྟོན་པའི་ཤོག་བཟོའི་ལག་རྩལ་དང་།  སྟོན་པའི་རི་མོ་སོགས་ཡོད་ལ།  སེམས་ཀྱི་ཉི་ཟླ་རྫོང་འབྲི་ཆུའི་འབབ་རྒྱུད་དང་འབའ་ལུང་རྫོང་གི་ཡུང་ཁྲུན་ཤང་གི་འཇང་གི་རིག་གནས་ནི་མི་རིགས་གཞན་པའི་རིག་གནས་དང་མཉམ་འདྲེས་བྱས་རྐྱེན།  ས་དམ་ས་ཁུལ་གྱི་འཇང་རིགས་དང་མི་འདྲ་སྟེ།  རིག་གནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད།     
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1