ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-04


ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན། 

དཔུང་སྡེའི་ཕྱོགས་ཡོངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཤང་ཀང་དུ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། 

 


ཟླ་7ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བཞིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ཀྲུང་ཧོན་དམག་སྒར་དུ་ཕེབས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    ཞི་ཅིན་ཕིང་གིས། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་། ཤང་ཀང་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས། བཅའ་སྡོད་དམག་གི་བཅའ་ཁྲིམས་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། འགོག་སྲུང་ལྟེ་བར་བྱས་པའི་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཤང་ཀང་གི་དུས་བབ་འགྱུར་ལྡོག་གཏིང་ཟབ་ལ་རྙོག་འཛིང་ཆེ་བར་དམིགས་ཏེ་ཤང་ཀང་དུ་བཅའ་སྡོད་དཔུང་སྡེས་ཀྲུང་དབྱང་གིས་ཤང་ཀང་བཅོས་སྐྱོང་བྱེད་པའི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཏེ། ཤང་ཀང་ཟང་ཟིང་ནས་བཅོས་སྐྱོང་བར་གྱི་འཕོ་འགྱུར་ལ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཤང་ཀང་བཅོས་སྐྱོང་ནས་དར་རྒྱས་བར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ལས་འགན་ལྕི་ལ་འགན་འཁྲི་ཆེན་པོ་ཡོད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར། དུས་བབ་དང་ལས་འགན་གསར་པའི་བླང་བྱར་སྟངས་འཛིན། དཔུང་སྡེའི་ཕྱོགས་ཡོངས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཤང་ཀང་གི་ཡུན་རིང་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཤང་ཀང་དུ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1