ཟླ་6ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་ལ་བཞུགས་ནས་ཤང་ཀང་དུ་ཕེབས་འབྱོར་ཟིན་ཞིང་། ཟླ་7ཚེས་1ཉིན་འཚོག་རྒྱུའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཤང་ཀང་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བཞིན་པ།
ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཤང་ཀང་དུ་གཟིགས་ཞིབ་གནང་ཕྱིར། ཞི་ཅིན་ཕིང་ཤང་ཀང་དུ་ཕེབས་འབྱོར་ཟིན་པ།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་སོགས་མྱུར་བགྲོད་ལྕགས་ལམ་གྱི་ཅིའུ་ལུང་བབས་ཚུགས་ནུབ་མར་ཕེབས་བསུར་བཅར་བ།
འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་ལ་བཞུགས་ནས་ཤང་ཀང་དུ་ཕེབས་འབྱོར་ཟིན་ཞིང་། ཟླ་7ཚེས་1ཉིན་འཚོག་རྒྱུའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཤང་ཀང་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད། ཆུ་ཚོད་15དང་སྐར་མ་10ཙམ་ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་མྱུར་བགྲོད་མེ་འཁོར་ཤང་ཀང་ཅིའུ་ལུང་བབས་ཚུགས་ནུབ་མར་འབྱོར་བ་རེད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་དལ་བུར་འཁོར་སྒྲོམ་ནས་ཕེབས་གནང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་སྐུ་ཟླ་ལིན་ཀྲའོ་པོ་ཕེབས་བསུར་བཅར་ཡོད་པ་རེད། དགའ་བསུ་ཞུ་བའི་མཛད་སྒོར་ཤང་ཀང་ཉེན་རྟོག་པའི་རོལ་ཆ་རུ་ཁག་གིས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུ་བའི་རོལ་དབྱངས་དཀྲོལ་བ་དང་། སྙིང་སྟོབས་རབ་འཕེལ་གྱི་ཉམས་འགྱུར་ཐོག་ནས་སེང་རྩེད་རྩེ་བ། ཤང་ཀང་གི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱལ་དར་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར། མེ་ཏོག་སོས་པ་བཅས་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་བ་རེད།
ཞི་ཅིན་ཕིང་ད་ཐེངས་ཤང་ཀང་དུ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་ས་གནས་ས་ཐོག་ཏུ་ཕེབས་སྒུག་ཞུས་ནས་བསྡད་ཡོད། ཞི་ཅིན་ཕིང་བཅར་འདྲི་བྱ་ཡུལ་དུ་ཕེབས་ནས་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་གནང་ཞིང་། ཁོང་གིས། ཟླ་7ཚེས་1ཉིན་ནི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཉིན་མོ་ཡིན་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤུན་ཟླ་ཤང་ཀང་བ་དང་མཉམ་དུ་བཀྲ་ཤིས་པའི་བྱ་བ་དེར་རྟེན་འབྲེལ་ཞུ་རྒྱུ་རེད། ངས་སྤུན་ཟླ་ཤང་ཀང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ངས་དུས་དང་རྣམ་པ་ཀུན་ཏུ་ཤང་ཀང་ལ་དོ་སྣང་དང་སེམས་ཁུར་ཡང་བྱེད་ཀྱི་ཡོད། ང་དང་ཀྲུང་དབྱང་སྲིད་གཞུང་གི་སེམས་པ་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཤང་ཀང་བ་དང་མཉམ་དུ་གནས་ཡོད། འདས་ཟིན་པའི་དུས་སྐབས་ཤིག་རིང་། ཤང་ཀང་ལ་ཚོད་བགམ་ནན་པོ་ཐེངས་མང་ཐེག་པ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཡོད། དཀའ་ངལ་མང་པོ་ཁྱད་བསད་བྱས་མཐར་ཤང་ཀང་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་གསོན་ཤུགས་ཆེན་པོ་ལྡན་ཡོད། དེ་ནི་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་དང་སྤུན་ཟླ་ཤང་ཀང་བའི་བདེ་རྩ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཡག་པོ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། བྱ་སྤྱོད་མུ་མཐུད་སྤེལ་གྱུར་ན། འབྱུང་འགྱུར་རེ་བས་ཁེངས་ངེས་རེད། གཡོ་འགུལ་སྤུ་ཙམ་མེད་པར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་བྱས་ཚེ་ཤང་ཀང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཤང་ཀང་གིས་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་གཡོད་གཡོད། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཤཱ་པའོ་ལུང་སོགས་ཕེབས་རོགས་མི་སྣ་དང་ལྷན་དུ་ཕེབས་འབྱོར་ཟིན་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེན་དབྱིང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱི་འོས་མི་ལི་ཅ་ཁྲའོ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཀྲང་ཅུས་ནེང་། ནོར་སྲིད་སིའི་སི་ཀྲང་ཁྲེན་མའོ་པོ། བཅའ་ཁྲིམས་སྲིད་དོན་སིའི་སི་ཀྲང་ཀྲེན་རུའོ་ཧྭ། ཁྲིམས་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ལེང་ཅུན་ཡན། སྲིད་འཛིན་གྲོས་ཚོགས་ཀྱི་དཔོན་གནས་མེད་པའི་གྲོས་མི་སྐོང་བསྡུ་མཁན་ཁྲེན་ཀྲི་སི་སོགས་མེ་འཁོར་བབས་ཚུགས་སུ་ཕེབས་བསུར་བཅར་བ་རེད།
ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ལུའོ་ཧུའེ་ཉིང་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཀུང་ཧྲུའུ་ཡི་ཧྲུའུ་ཀྲང་ཀྲེང་ཡན་ཞུང་། ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ་ཡི་ཆེད་མངགས་པ་ལིའུ་ཀོང་ཡོན། ཤང་ཀང་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེའི་སི་ལིང་ཡོན་ཕེང་ཅིང་ཐང་། ཆབ་སྲིད་ཨུ་ཡོན་ལའེ་རུའུ་ཤིན་སོགས་ཀྱང་མེ་འཁོར་བབས་ཚུགས་སུ་ཕེབས་བསུར་བཅར་བ་རེད།