ཝང་ཞའོ་ཧུའེ་ཡིས་གཡག་རྔ་གྲོང་ཁྱེར་དང་ལེ་ཧྲན་གྲོང་ཁྱེར་དུ་གཟིགས་ཞིབ་གནང་སྐབས།སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་དེ་ལས་དོན་གྱི་སྒུལ་ཤུགས་ཆེན་མོར་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ཤུགས་སྣོན་བྱས་ནས་ དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


སྤྱི་ཟླ་6པའི་ཚེས་30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ལུའུ་ཧྲན་རྫོང་ཞི་བདེ་གྲོང་རྡལ་ཆུ་ཆེན་གྲོང་ཚོའི་མཁོ་བསྟུན་ཉེན་ཡོལ་བཀོད་སྒྲིག་བྱེད་གནས་སུ་ཕེབས་ནས། མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་། ས་འགུལ་གྱི་གནོད་སྐྱོན་དང་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

སྤྱི་ཟླ་6པའི་ཚེས་30ཉིན་ནས་སྤྱི་ཟླ་7པའི་ཚེས་1ཉིན་གྱི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་གཡག་རྔ་གྲོང་ཁྱེར་དང་ལེ་ཧྲེན་གྲོང་ཁྱེར་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཀར་གཟིགས་ཞིབ་དང་མཛུབ་སྟོན་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་སློབ་དེ་ལས་ཀའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ཇེ་ཆེར་བཏང་ནས། བློ་ཐག་རྦད་ཆོད་ཀྱིས་དཔལ་འབྱོར་བརྟན་པོ་ཡོང་བ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་།


སྤྱི་ཟླ་7པའི་ཚེས་1ཉིན་ནི་ཏང་བཙུགས་པའི་ཉིན་མོ་ཡིན་ཏེ། ཝང་ཞའོ་ཧུའེ་ཅཱ་ཅང་རྫོང་ཞིན་ཁྲང་གྲོང་རྡལ་ཞིན་ཞིན་སྤྱི་ཁུལ་དུ་ཕེབས་ནས། བྱམས་བརྩེའི་ངང་ནས་ཏང་ཡོན་རྒན་པ་ཀྲང་ཧྲུའུ་ལེན་ལ་འཚམས་འདྲི་གནང་ཞིང་། ཁོ་མོར་གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་ངོ་50ལོན་པའི་དྲན་རྟེན་གཟེངས་རྟགས་གནང་བ་དང་། མོ་རང་གིས་དུས་ཡུན་རིང་པོར་གཞི་རིམ་དུ་མི་སེར་ལ་ཞབས་འདེགས་ཞུས་ཏེ་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས། ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་འཐབ་ཕྱོགས་སོ་སོ་རུ་འབད་པ་ལྷོད་མེད་བྱས་དང་བྱེད་བཞིན་པའི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

 མིག་སྔར། ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་བཞིན་ཡོད། ས་གནས་སོ་སོའི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གནས་ཚུལ་ཅི་འདྲ་ཡིན་པ་ལ་ཝང་ཞའོ་ཧུའེ་ཡིས་ཐུགས་ཁུར་ཟབ་མོ་གནང་། ཁོང་ས་ཆ་རེར་ཕེབས་ཐེངས་རེར་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་མཛད་པར་མ་ཟད། གྲོང་གསེབ་དར་རྒྱས་དང་རིམས་ནད་འགོག་བཅོས། སྐྱེ་ཁམས་ཁོར་སྲུང་། ལས་ཞུགས་ལས་གཏོད། གནོད་སེལ་རྒུད་སྐྱོབ་སོགས་མི་སེར་དང་འབྲེལ་བ་ཆེ་བའི་དོན་དང་ཟུང་འབྲེལ་བྱས་ནས་གཞི་རིམ་ལས་བྱེད་མང་ཚོགས་ལ་ཁ་གསལ་ཞིང་གོ་བདེ་བའི་ངང་སྒྲོག་འགྲེལ་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིར་སྐུ་དངོས་སུ་སི་ཁྲོན་ལ་རྟོག་ཞིབ་མཛུབ་སྟོན་གནང་བ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་བཟུང་སི་ཁྲོན་ལ་གཟིགས་ཞིབ་ཐེངས་གཉིས་པ་ཕེབས་པ་རེད། འདི་ནི་དམིགས་སུ་ཐུགས་ཁུར་དང་ཐུགས་རེ་གནང་བ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་ལ་བཅངས་པའི་བརྩེ་བ་དང་སི་ཁྲོན་མི་དམངས་ལ་བཅངས་པའི་བརྩེ་སེམས་ལེགས་པར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་ནི། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་རེད། གྲོང་ཁྱེར་དང་རྫོང་། ཡུལ་ཤོག །གྲོང་སྡེ་བཅས་རིམ་པ་སོ་སོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལག་ལེན་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ལ་དྲིན་གཟོ་བ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་དང་ཐུགས་རེ་ཆུད་ཟོས་སུ་གཏོང་མི་རུང་ཞེས་གསུངས། ཝང་ཞའོ་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་གཙོ་བོ་དོན་འཁྱོལ་ལ་ཐུག་དགོས། ལྷག་པར་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་དུ་སྦྲེལ་དགོས། ཚང་མས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བཟུང་ཞིང་འབད་པ་ལྷོད་མེད་བྱེད་པ། འགན་འཁུར་ཕོད་པར་མ་ཟད། མི་དམངས་མང་ཚོགས་དང་དཀའ་སྡུག་མཉམ་དུ་འཁུར་བ་དང་ལས་ཀ་མཉམ་དུ་བསྒྲུབས་ནས། ཁོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཏུ་འཇུག་དགོས་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1