ཞིང་ལས་དེང་རབས་ཅན་དུ་གྱུར། མཐོ་སྒང་མི་དམངས་འབྱོར་ཕྱུག་རྒྱས།

ངེད་གསར་འགོད་པ་ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04



སྤྱི་ཟླ་6པའི་ཚེས་10ཉིན། ངེད་གསར་འགོད་པ་རྟའུ་རྫོང་མགར་ཐར་གྲོང་རྡལ་དང་དཔལ་སྨད་གྲོང་རྡལ་གྱི་མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་དུ་འབྱོར་བ་དང་། ས་གནས་དེ་གའི་མི་སེར་རྣམས་ཞིང་ཁ་དང་དྲོད་ཁང་དུ་གླང་རྔ་སོགས་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ལ་བྲེལ་བཞིན་མཆིས།


ཤེས་རྟོགས་བྱུང་བ་ལྟར་ན། མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ནི་2019ལོར་གསར་དུ་བཙུགས་པ་དང་ས་ངོས་ཟིན་ཚད་མུའུ་ཁྲི་1.1ཡིན་ཞིང་། དཔལ་སྨད་གྲོང་རྡལ་དང་མགར་ཐར་གྲོང་རྡལ་གཉིས་སུ་ཁྱབ་ཡོད་པ་དང་། དེའི་ལྟེ་བའི་འདེབས་འཛུགས་ཁུལ་ལ་མུའུ་6200ཡོད། མིག་སྔར་གླིང་ཁུལ་གྱིས་ཚད་མཐོའི་ཞིང་ཁ་དང་། གསོ་སྦྱོང་རྟེན་གཞི། ཚོད་ལྟའི་དྲོད་ཁང་། འཁྱག་གཏོང་ཟོག་འགྲེམས་སོགས་ཀྱི་སྒྲིག་བཀོད་ཚང་མ་བསྐྲུན་ཟིན་པར་མ་ཟད། སྤྱི་ལོ་2020ལོའི་ཟླ་12པར་ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་གྱུར་ཡོད། གླིང་ཁུལ་དུ་གཙོ་བོ་ས་མཐོའི་སན་ཆིང་གླང་རྔ་དང་། ཞོག་ཁོག
ས་མཐོའི་དཔྱིད་དུས་པད་ཁ་འདེབས་བཞིན་ཡོད་ལ། སྤྱི་ལོ་2021ལོའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན།

མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་གྱི་ལས་སྒྲུབ་མི་སྣ་ཝང་ཞའོ་ཧྥུང་གིས“མྱུ་གུ་གསོ་བའི་ལག་རྩལ་འདི་ནི་ད་ལོ་ཡུན་ནན་ནས་ནང་འདྲེན་བྱས་པའི་དྲོད་ཁང་དུ་མྱུ་གུ་གསོ་བའི་ལག་རྩལ་ཞིག་རེད། མྱུ་གུ་འདི་དག་ནི་ད་ལོའི་ཁག་གཉིས་པའི་མྱུ་གུ་གསོ་ཐེངས་གཉིས་པ་དེ་ཡིན་པ་དང་། ཐེངས་གཅིག་ལ་ས་ཞིང་མུའུ་70ཡི་སྤོ་འཛུགས་དགོས་མཁོ་སྐོང་ཐུབ་པར་མ་ཟད། མྱུ་གུ་བཙུགས་རྗེས་གསོན་ཚད་95%ཟིན་གྱི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་། ཆུ་ལ་འཕྱོ་ནས་མྱུ་གུ་གསོ་བ་ནི་མྱུ་གུ་གསོ་བའི་ཐབས་ལམ་གསར་པ་ཞིག་ཡིན་ལ། མྱུ་གུ་གསོ་སྣོད་ཀྱི་གཞོང་པ་ཆུ་ངོས་སུ་འཕྱོ་ཞིང་། ས་བོན་དེ་གཞོང་པའི་ལུད་རྫས་སུ་བཏབ་རྗེས། མྱུ་གུ་ནི་མྱུ་གུ་གསོ་སྣོད་ནས་རྩ་བ་ཚུགས་ཏེ་སྐྱེས་པར་མ་ཟད། གསོ་སྤེལ་བཅུད་རྒྱུ་དང་ཆུའི་མལ་ཁྲི་ནས་ཆུ་དང་འཚོ་བཅུད་བསྡུ་ལེན་བྱེད་པའི་མྱུ་གུ་གསོ་ཐབས་ཤིག་རེད། སྲོལ་རྒྱུན་གྱི་མྱུ་གུ་གསོ་ཐབས་དང་བསྡུར་ན། ལས་ཀ་དང་དུས་ཚོད་གྲོན་ཆུང་ཐུབ་པ་དང་། དོ་དམ་བྱ་བདེ་ཞིང་མྱུ་གུ་གསོན་ཚད་ཇེ་མཐོ་གཏོང་ཐུབ་པ་དང་། ཐོན་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ལེགས་ཆ་ལྡན།

ཁམས་པའི་མེ་ཏོག་ཞིང་ལས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་མ་ཅུན་གྱིས“སྔོན་ཆད་སན་ཆིང་གླང་རྔའི་ཐོན་ཚད་2%ལས་མེད་དེ། ས་ཞིང་མུའུ་རེའི་ནང་ཕལ་ཆེར་རྒྱ་མ་6000ཙམ་ལས་ཐོན་མི་ཐུབ། འོན་ཀྱང་། དེང་དུས་རྒྱ་མ་8000ནས་9000བར་ཐོན་བཞིན་ཡོད། ཁྲེང་ཏུའུ་དང་ཁྲུང་ཆིང་། ཧྲང་ཧའེ། ཀོང་ཀྲོའུ། ཨོ་སི་ཁྲུ་ལི་ཡ། འཇར་མན་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད”ཅེས་ཟེར།

རྒྱུས་ལོན་བྱས་པ་ལྟར་ན། གླིང་ཁུལ་དུ་ད་དུང་མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་དོ་དམ་ཨུ་ལྷན་བཙུགས་ནས“གླིང་ཁུལ་དོ་དམ་ཨུ་ལྷན་+ཁེ་ལས་+ཞིང་དུད”ཀྱི་དོ་དམ་བྱེད་སྟངས་སྤྱད་ནས། མགར་ཐར་གྲོང་རྡལ་གྱི་ཞིང་ལས་མཉམ་ལས་ཁང་དུ་ཚོད་ལྟའི་རྟེན་གཞི་བཙུགས་པ་རེད། ཞིང་དུད་སྣེ་ཁྲིད་བྱས་ནས་དེ་ལས་མགྱོགས་པ་དང་དེ་ལས་ལེགས་པའི་སྒོ་ནས་ལག་རྩལ་གསར་པ་ཁོང་དུ་ཆུད་དེ་སྤུས་ལེགས་ཀྱི་ཐོན་རྫས་འདེབས་འཛུགས་བྱས་རྗེས། ས་གནས་དེ་གའི་ཞིང་དུད་ལ་ཕན་པའི་ལམ་བུ་ཞིག་བཏོད་ཡོད། དེ་སྔོན་ས་གནས་དེ་གའི་མི་སེར་གྱིས་ནས་སོགས་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་འདེབས་ཀྱི་ཡོད་ལ། ཡོང་འབབ་སྣ་རྐྱང་ཡིན་པར་མ་ཟད། ཧ་ཅང་ཉུང་ཉུང་ཡིན་པས། གྲོང་མི་རྣམས་ཕྱི་རུ་ཞོར་ལས་སོང་ནས་གཞི་རྩའི་འཚོ་བ་སྐྱེལ་ཐབས་བྱེད་དགོས། གླིང་ཁུལ་བཙུགས་པ་ནས་བཟུང་ལོ་རེར་ཆ་སྙོམས་གཏན་འཇགས་ལས་ཞུགས་མི་སྣ་600ལྷག་ཙམ་ཐག་གཅོད་བྱས་པ་དང་གནས་སྐབས་ལས་མི་6000ལྷག་ཙམ་ཐག་གཅོད་བྱས་ཡོད།

ནོར་བུ་དགྲ་འདུལ་ནི་མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་གྱི་ལས་སྒྲུབ་མི་སྣ་ཞིག་ཡིན་ཞིང་།ཁོའི་ལས་འགན་ནི་དྲོད་ཁང་ནང་གི་དྲོད་ཚད་དང་བརླན་ཚད་འགྱུར་ལྡོག་གི་གཞི་གྲངས་ཁོང་དུ་ཆུད་པ་དང་། དེའི་གཞི་གྲངས་ལ་གཞིགས་ཏེ་སྐར་ཁུང་སྒོ་རྒྱག་པ་དང་ཁ་ཕྱེས་ནས་མྱུ་གུ་སྐྱེ་འཚར་ལ་འཚམ་པའི་དྲོད་ཚད་སྙོམས་སྒྲིག་བྱེད་པ་དེ་ཡིན། ཁོས“ངས་གླིང་ཁུལ་དུ་ད་བར་ལོ་གཉིས་ལ་ལས་ཀ་བྱས། ལོ་ལྟར་ཡོང་འབབ་སྒོར་ཁྲི་2ཙམ་དང་དེ་བཞིན་མུའུ་རེར་སྒོར་520ཡི་ས་ཞིང་འཁོར་རྒྱུག་གྲོན་དངུལ་རག་གི་ཡོད་པས། དོན་དངོས་སུ'སྒོ་རྩར'ཁེ་བཟང་རག་ཐུབ”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱི་ས་གནས་ཁག་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས། དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ཤུགས་ཆེན་བྱས། གྲོང་གསེབ་དར་རྒྱས་དང་ཞིང་ལས་སྤུས་ཚད་མཐོ་རུ་གཏོང་བའི་ལག་ལེན་ཐད་དཔེ་མཚོན་དུ་གྱུར་ཡོད་པའི་ངོས་ནས། རྟའུ་རྫོང་མེ་ཏའེ་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ཐོན་ལས་གནས་སྟངས་ཇེ་ལེགས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1