ས་འགུལ། ཆུ་ལོག །འགྲིམ་འགྲུལ་དོན་རྐྱེན་སོགས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འཚེ་བར་བྱེད་པའི་རིགས་གང་ཞིག་ཡིན་ཡང་། རྒྱལ་པོའི་བཀའ་ལ་ལན་གཅིག་ཅེས་པ་ལྟར་བཟློག་ཏུ་མེད་པའི་གནམ་ལྕགས་ཐོག་ལྟ་བུའི་བཀའ་ཆེན་ཞིག་ཡིན་པས། ངེས་པར་དུ་དེ་ལ་དེ་བསྟུན་གྱི་གནོད་འགོག་དང་གནོད་སེལ་གྱི་ཐབས་ཤེས་འཐེན་པ་ནི། ཀུན་གྱི་ཕྲག་ལ་བབས་པའི་འགན་འཁྲི་ཉག་ཅིག་ཡིན། སི་ཁྲོན་འབར་ཁམས་ཚོ་བདུན་དུ་ས་འགུལ་བྱུང་མ་ཐག །ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་འཁོར་དང་བཅས་པས་མེ་གསོད་དང་མཁོ་བསྟུན། འགྲིམ་འགྲུལ། རང་བྱུང་ཐོན་ཁུངས་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཁྲིད་དེ། དུས་ཡུན་སྐར་ཆ་ཙམ་ཡང་མ་འགྱངས་པར་ས་འགུལ་གནོད་ཁུལ་དུ་ཕེབས་ནས་གནོད་སེལ་དང་རོགས་སྐྱོབ་ཀྱི་ལས་ལ་ཞུགས། ཏང་ཡོན་དང་དམག་དཔུང་། ཉེན་རྟོག་པ་བཅས་ཀྱིས་རླུང་སྤུ་གྲིར་འགྲན་པའི་མྱུར་ཞག་དང་བཅས་མདུན་དུ་བརྒྱུགས་ཤིེང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་མཉམ་དུ་ཕན་ཚུན་རོགས་རེས་བྱས་ཏེ། ཁྱིམ་གཞིས་སྲུང་སྐྱོང་གི་གཡུལ་འགྱེད་ཅིག་གི་མགོ་བརྩམས་བྱུང་།
སྤྱི་ཟླ་6པའི་ཚེས་10ཉིན་གྱི་དུས་ཚོད་0དང་སྐར་3ཐོག །འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོར་ས་འགུལ་རིམ་པ་5.8དང་6.0སྔ་གཞུག་ཏུ་བྱུང་བ་དང་། འགུལ་ཁུངས་ཟབ་ཚད་ལ་སྤྱི་ལེ་10ཡོད།
ས་འགུལ་དེ་ལས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་དེ། སྤྱི་ཟླ་6པའི་ཚེས་11པའི་དུས་ཚོད་20བར་དུ། མི་113069ལ་གནོད་འཚེ་བཟོས་ཤིང་མི་6རྨས་ཡོད།
མི་དམངས་བླ་ན་མེད། ཚེ་སྲོག་བླ་ན་མེད་ཅེས་པ་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཐེབས་མང་ཚོགས་བརྩེ་བས་བསྐྱངས་ཤིང་། ཀྲུང་དབྱང་གི་ལས་ཁུངས་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱིས་འཕྲལ་མར་ཚན་རིག་ལྟར་བཀོད་འདོམས་གནང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ས་འགུལ་གནོད་སེལ་གྱི་བྱ་གཞག་ཚ་ཚ་འུར་འུར་ངང་སྤེལ།
ལག་རྡང་དམ་པོར་སྦྲེལ། །ཐབས་བཀོད་མྱུར་བར་འཐེན། །
གནོད་འཚེ་སེལ་བར་ནར་འགྱངས་སྤུ་ཙམ་ཡང་ཡོད་མི་རུང་། ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་ཟབ་མོ་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་འགུལ་གནོད་སེལ་བཀོད་འདོམས་གཞུང་ལས་ཁང་དང་། མཁོ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་འགུལ་མཁོ་བསྟུན་རིམ་པ་བཞི་པ་སྤེལ་ནས་ཡུལ་དངོས་སུ་ལས་སྒྲུབ་ཚན་ཆུང་མཛུབ་སྟོན་དུ་མངགས་ཡོད།
ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གིས་རོགས་སྐྱོབ་དུས་འཁེལ་དང་གནོད་འཚེར་བརྟག་བཤེར། གནོད་འཚེ་སྔོན་འགོག ཚད་ལེན་བརྡ་གཏོང་སོགས་ཀྱི་བྱ་གཞག་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་ནན་པོར་བཏོན་ཡོད།
ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་དང་ཞིང་ཆེན་ས་འགུལ་ཅུས། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་སོགས་ཀྱིས་ལས་སྒྲུབ་ཚན་ཆུང་དང་ཆེད་ལས་ལག་རྩལ་པ་ཆེད་དུ་མངགས་ཏེ། ས་འགུལ་གྱི་གནོད་འཚེར་རྒྱུས་ཞིབ་མོ་བླངས་ཤིང་གནོད་སེལ་ལས་ཀར་ཡུལ་དངོས་ནས་མཛུབ་སྟོན་མཛད། རྔ་བ་ཁུལ་གྱིས་རིམ་པ་གཉིས་པའི་མཁོ་བསྟུན་མྱུར་པར་སྤེལ་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་བཀོད་འདོམས་དཔོན་པོའི་འགན་བཞེས་པའི་འབར་ཁམས་ཀྱི་རིམ་པ་6.0ཅན་གྱི་མང་བྱུང་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་བཙུགས་ཏེ། ཁོངས་སུ་སྣ་འཛོམས་འབྲེལ་གཏུག་ཚན་ཆུང་དང་རོགས་སྐྱོབ་ཚན་ཆུང་། སྨན་བཅོས་རིམས་འགོག་ཚན་ཆུང་། གནས་སྐབས་བདེ་འགོད་དང་བར་བརྒལ་བདེ་འགོད་ཚན་ཆུང་སོགས་ལས་སྒྲུབ་ཚན་ཆུང་9ཡོད་ལ། ཁུལ་རིམ་པའི་ལས་ཁུངས་སོ་སོ་ནས་ལས་བྱེད་པ་1754དང་འབར་ཁམས་གྲོང་ཁྱེར་ནས་མི་སྣ་3603བཅས་བཀོད་སྒྲིག་བྱས་ཏེ། ས་འགུལ་བྱུང་སར་དངོས་སུ་བསྐྱོད་དེ། ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་ལྟར་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་ས་འགུལ་གྱི་གནོད་འཚེ་སེལ་བར་འབད་པ་བགྱིས།
མཚན་མོ་དེར། ཞིང་ཆེན་ས་འགུལ་གནོད་སེལ་པུའུ་ཡིས་མངགས་པའི་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག །ཞིང་ཆེན་དྲག་དཔུང་ཉེན་རྟོག་སྤྱི་ཁྱབ་རུ་ཁག །ཞིང་ཆེན་དམག་ཁུལ་སོགས་ཀྱི་རོགས་སྐྱོབ་རུ་དཔུང་གི་མི་སྣ་1314གནོད་ཁུལ་ཕྱོགས་སུ་ལམ་ལ་ཆས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མངགས་པའི་རོགས་སྐྱོབ་རུ་ཁག་3དེ་སོ་སོར་ལམ་རྒྱུད་S220པའི་རྭ་ཅོའི་ཕྱོགས་དང་ལམ་རྒྱུད་S453པའི་ད་ཚང་གི་ཕྱོགས། ལམ་རྒྱུད་S220པའི་རོང་ཨན་ཕྱོགས་བཅས་ནས་ཚོ་བདུན་ཡུལ་ཚོར་འགྲོ་བའི་ལམ་ལ་ཆས་ཏེ། གཞུང་ལམ་ཤར་གཏོང་གི་ལས་སུ་ཞུགས།
རྔ་བ་རྫོང་གིས་མངགས་པའི་རོགས་སྐྱོབ་རུ་དཔུང་གི་མི་སྣ་60ཡིས་རྗེས་འགུལ་དང་རི་བོ་རྡིབ་ཉིལ་གྱི་ཉེན་ཁར་འཛེམས་དོགས་ཙམ་ཡང་མེད་པར་ཟླ་6པའི་ཚེས་10ཉིན་གྱི་ནངས་མོའི་དུས་ཚོད་4ཐོག་ཚོ་བདུན་ཕྱོགས་སུ་ཆས།
དམངས་སེམས་བདེ་ལ་བཀོད། །བྱམས་སེམས་ཀུན་ལ་ལྡན། །
ཚེས་10ཉིན་གྱི་དུས་ཚོད་0དང་སྐར་3ཐོག འབར་ཁམས་གྲོང་ཁྱེར་དུ་ཡོད་པའི་གྲོང་དམངས་ཀྱིས་ཐོག་ཁང་་གི་གཡོ་འགུལ་དྲག་པོ་དངོས་སུ་ཚོར་བ་དང་། དུས་ཚོད་0དང་སྐར་3ནས་དུས་ཚོད་6བར། རྔ་བ་ཁུལ་དུ་རིམ་པ་3.0ཡན་གྱི་ས་འགུལ་ཐེངས་11བྱུང་། དེ་ལས་འགུལ་རིམ་ཆེས་མཐོ་བ་ནི་རིམ་པ་6.0ཡིན། ཚོམ་འགུལ་ཅན་གྱི་ས་འགུལ་གྱིས་གྲོང་དམངས་ལ་འཇིགས་སྐྲག་ཐེབས་ཏེ་མཚན་གང་པོར་གཉིད་ལ་རོལ་ཐབས་བྲལ།
བདེ་འཇགས་ཉེན་གཡོལ་གྱི་ཆེད་དུ། འབར་ཁམས་གྲོང་ཁྱེར་གྱི་གྲོང་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་སྲང་ལམ་ཡངས་ས་དང་ར་སྐོར་ཡངས་སར་བརྒྱུགས་ཏེ། ལམ་མཚམས་མང་པོར་འགྲིམ་འགྲུལ་ཤར་གཏོང་དཀའ་མོ་བྱུང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཐུབ་ཆེད། སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། མངའ་ཁོངས་ཀྱི་མཁོ་བསྟུན་ཉེན་གཡོལ་ར་བ་དང་སློབ་གྲྭ། མི་ཚོགས་འདུས་ཁུལ་བཅས་ཀྱི་བདེ་འཇགས་སྒྲིག་རིམ་དང་འགྲིམ་འགྲུལ་གོ་རིམ་རྒྱུན་ལྡན་འགན་ལེན་བྱས་ཤིང་། མང་ཚོགས་ལ་སེམས་གསོ་བྱས།
རྔ་བ་ཁུལ་མི་དམངས་སྨན་ཁང་ནས་སྨན་པ་དང་ནད་གཡོག །དྲག་དཔུང་ཉེན་རྟོག །མེ་གསོད་མི་སྣ་སོགས་ཀྱིས་སྦྲ་གུར་མང་དུ་ཕུབ་སྟེ་ནད་པ་རྣམས་བདེ་བར་འཁོད་པའི་ལས་ལ་བྲེལ་ནས། ནད་པ་དང་ནད་པའི་བཟའ་མིའི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱས། གསར་འགོད་པས་ནད་པའི་བཟའ་མི་ཞིག་སྦྲ་གུར་དུ་ཐོན་རྗེས། སྨན་པའི་ལག་པར་དམ་པོར་འཇུས་ཏེ་ཁྱེད་རྣམ་པར་བཀའ་དྲིན་ཆེ། གལ་ཏེ་ཁྱེད་རྣམ་པ་མེད་ན་ང་ནི་ཅི་བྱ་གཏོལ་མེད་དུ་འགྱུར་ངེས་ཞེས་བཤད་པ་ཐོས།
ནངས་མོ་དེར། བྱམས་དང་བརྩེ་བས་ཕྱུག་པའི་རྣམ་པ་དེ་འདྲ་མང་པོ་མཐོང་ཐོས་སུ་གྱུར་ཡོད། ཅིའུ་ཀྲོའུ་ཐང་ཆེན་དུ་དང་ལེན་པ་རྣམས་ཀྱིས་བགྲེས་པོ་རྣམས་ཁུར་ནས་སྦྲ་གུར་དུ་སྐྱེལ་བ་དང་། མང་ཚོགས་ལ་བཏུང་ཆུ་དང་ཁ་ཟས་སྟེར་བ་སོགས་མང་ཚོགས་ཀྱི་དཀའ་ངལ་རེ་རེ་སེལ་རོགས་ལ་བྲེལ་བཞིན་འདུག །དང་ལེན་པ་དེ་དག་ནི་ལས་རིགས་སོ་སོ་ནས་ཐོན་པ་ཞིག་ཡིན་ལ། དེའི་ནང་དུ་ཏང་ཡོན་ལས་བྱེད་པ་ཡོད་ལ། ན་གཞོན་ཐོན་ཡོན་ཡོད། བུད་མེད་དང་མང་ཚོགས་ཕལ་བའང་ཡོད། སྐབས་དེར། མི་སུ་ཡིན་ཡང་བསམ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།
ཚོ་བདུན་ཡུལ་ཚོ་ནས་གནོད་ཐེབས་མང་ཚོགས་དང་རོགས་སྐྱོབ་རུ་ཁག་གིས་མཉམ་དུ་ཐོན་སྐྱེད་དང་རང་སྐྱོབ་བྱེད་བཞིན་མཆིས། ཚོ་བདུན་ཡུལ་ཚོ་སྙི་གྲོང་སྡེའི་རུ་སྐོར་གསུམ་པའི་བདེ་འགོད་ཁུལ་དུ་སྡེ་མི་རྣམས་ཀྱིས་མཉམ་དུ་རུབ་ནས་མོག་མོག་ལས་ཏེ། ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣར་སྟེར་ཞོར་དུ་བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད།
ས་འགུལ་བྱུང་རྗེས། འབར་ཁམས་སུ་བྱམས་དང་བརྩེ་བ་ཞོ་ལྟར་ཆགས་ཤིང་། ས་འགུལ་གནོད་སེལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་གི་རྩ་བ་བརྟན་ཞིང་ཡན་ལག་རྒྱས། གནོད་འཚེ་བྱུང་སྐབས་སུ། མཐུན་སྒྲིལ་གྱི་ངར་ཤུགས་དང་བྱམས་བརྩེ་ཡི་བློ་སྟོབས་ལ་འགྲེལ་བཤད་ཞིབ་མོ་གནང་བྱུང་ལ། ང་ཚོས་བསམ་པ་གཅིག་མཐུན་དང་སྐྱིད་སྡུག་མཉམ་རོལ་བྱེད་བཞིན་ཡོད་པས། ད་ཐེངས་ཀྱི་ས་འགུལ་གནོད་སེལ་ལས་རྒྱལ་ཁའི་བ་དན་མཐོན་པོར་བསྒྲེངས་སོ། །
བསམ་པ་གཅིག་མཐུན་གནོད་འཚེ་སེལ། །