གཅིག ཞོགས་ཟས་མི་བཟའ་བ། ཞིབ་འཇུག་ལས་མངོན་པ་ལྟར་ན།ཞོགས་ཟས་མི་བཟའ་བའི་མི་ལ་ཆམ་པ་དང་ཆམ་རིམས་འབྱུང་སླ་བར་མ་ཟད།རྒྱུན་དུ་ཞོགས་ཟས་མི་བཟའ་བར་ལས་ཀར་ཞུགས་ན།ལུས་པོར་ནུས་གྲོན་སྦྱིན་པའི་ཆེད་དུ་ཨོལ་རྨེན་དང་ཀླད་པའི་འཕྱང་གཟུགས་སོགས་ཀྱི་རྨེན་གཟུགས་ཀྱིས་སྐུལ་རྩི་ཟགས་ཐོན་བྱེད་དགོས་པས།དུས་ཡུན་རིང་པོར་ཐེག་བརྒལ་གྱི་གནས་བབ་ཏུ་ལུས་ཡོད་ལ། དེ་ལྟར་ཡུན་རིང་ན་ལུས་པོར་གནོད་སྐྱོན་ཆེན་པོ་ཡོད།
ཞོགས་ཟས་ནི་ངེས་པར་དུ་བཟའ་དགོས་པར་མ་ཟད་འཚོ་བཅུད་འཛོམས་པའི་ཟས་རིགས་བཟའ་དགོས།ཞོགས་ཟས་ཀྱིས་ལུས་པོར་སྦྱིན་པའི་ནུས་གྲོན་གྱིས་ཉིན་གང་བོའི་ནུས་གྲོན་སྤྱི་གྲངས་ཀྱི25%ནས30%ཟིན་དགོས། འཚོ་བཅུད་འཛོམས་པའི་ཞོགས་ཟས་བསྟེན་པར་འཛོམས་པ་བཞི་དང་མི་རུང་བ་གཉིས་ཡོད་དེ།གོ་རེ་སོགས་སིང་ཕྱེ་རིགས་ཀྱི་གཙོ་ཟས་དང་།འོ་མ་དང་སྒོ་ང་།སྲན་མ་སོགས་སྤུས་དག་སྤྲི་དཀར་གྱི་རིགས།སྔོ་ཚོད་སོགས་འཚོ་རྒྱུ་དང་གཏེར་རྒྱུ་འདུས་པའི་ཟས་རིགས།ཤིང་འབྲས་སོགས་ཚད་མ་ལོངས་པའི་ཚིལ་སྐྱུར་འདུས་པའི་ཟས་རིགས་མང་དུ་བསྟེན་དགོས་པ་དང་། སྣུམ་བཙོས་ཟས་རིགས་དང་སྲེག་ཟས་ཀྱི་རིགས་བཟའ་མི་རུང་བའོ།།
གཉིས། ཟས་དུས་རན་དུ་མི་བཟའ་བ། རྒྱུ་མའི་བྱེད་ནུས་ལ་ཉིན་མཚན་ཚིགས་འགྲོས་ཀྱི་ཤུགས་རྐྱེན་ཐེབས་པ་དང་།ཆོས་ཉིད་འདི་བཟའ་བཏུང་སྤྱོད་པའི་དུས་ཚོད་དང་འབྲེལ་བ་ཡོད། ཟ་མ་དུས་ལྟར་ཟོས་ན་རྒྱུ་མའི་རིམས་འགོག་མ་ལག་གི་གྲུང་སྐུལ་དང་ངལ་གསོ་དུས་ཚོད་ལ་བལྟོས་བཅས་ཀྱིས་ཆོས་ཉིད་ལྡན། གལ་ཏེ་ཟ་མ་བཟའ་བའི་དུས་ཚོད་ལ་འགྱུར་ལྡོག་བྱུང་ན།རྒྱུ་མའི་རིམས་འགོག་མ་ལག་གི་ཚིགས་འགྲོས་འཁྲིགས་ཏེ། རྒྱུ་མའི་དལ་གཤིས་གཉན་ཚད་འབྱུང་སླ་བ་རེད།
རྒྱགས་ཐག་ཆོད་པ་མི་བཟའ་བ་དང་ཟས་ཚོད་མི་བཟུང་བར།ཟས་ཐུན་གསུམ་པོ་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་པ་དང་དུས་ཚོད་ལྟར་བཟའ་དགོས། སྤྱིར་བཏང་གི་གནས་ཚུལ་འོག ཞོགས་ཟས་དུས་ཚོད6:30ནས8:30བར་དང་།གུང་ཟས་དུས་ཚོད11:30ནས13:30བར། དགོང་ཟས་དུས་ཚོད18ནས་དུས་ཚོད20བར་བཅས་སུ་བསྟེན་དགོས།
གསུམ། ཟས་རིགས་འདེམ་པ།ཟས་རིགས་གཅིག་གིས་ལུས་པོར་མཁོ་བའི་འཚོ་བཅུད་ཡོངས་རྫོགས་འདོན་སྤྲོད་བྱེད་མི་ཐུབ་པས།ཟས་རིགས་འདེམ་ན་འཚོ་བཅུད་མི་འདང་བའི་གནས་ཚུལ་འབྱུང་སླ། དུས་རྒྱུན་དུ་དཀར་དམར་ཟས་རིགས་མཉམ་སྡེབ་བྱེད་ཤེས་དགོས་པ་དང་།འབྲས་སྲན་མཉམ་སྡེབ་དང་འོ་མ་དང་སྒོ་ང་མཉམ་བཟའ།ཤིང་ཏོག་གི་རིགས་འདང་ཚོད་བཟའ་བ་བཅས་བྱས་ཏེ།སྤྲི་དཀར་དང་ཚིལ་སྣ། ཐན་ཆུའི་འདྲེས་སྦྱོར་དངོས་རྫས། གཏེར་རྒྱུ་དང་འཚོ་རྒྱུ་སོགས་ཀྱི་འཚོ་བཅུད་འདང་བར་ཁག་ཐེག་བྱེད་དགོས།
བཞི། ཚྭ་བཟའ་ཚད་མཐོ་བ།ཉེ་ཆར་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཚྭ་བཟའ་ཚད་མཐོ་ན་ཁྲག་ཤེད་ལ་ཚོད་འཛིན་བྱེད་དཀའ་བ་ལས་གཞན་ད་རུང་རིམས་འགོག་ནུས་པར་གཏོར་བརླག་ཐེབས་ཏེ།ཕྲ་ཕུང་དཀར་པོས་ནད་འབུ་གསོད་པའི་ནུས་པ་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་བར་མ་ཟད།ཕྲ་ཕུང་དཀར་པོ་འབྱུང་ཚད་ཇེ་དམའ་རུ་སོང་སྟེ།ལུས་ཡོངས་ཀྱི་རིམས་འགོག་ནུས་པ་ཇེ་དམའ་རུ་གཏོང་སྲིད།དེ་བས་དུས་རྒྱུན་དུ་ཚྭ་ཡི་བཟའ་ཚད་ཇེ་ཉུང་དུ་གཏོང་དགོས།
ལྔ། ཆུ་མི་འཐུང་བ།ཆུ་མང་དུ་འཐུང་ན་འབྱར་སྐྱི་རློན་པར་བྱས་པས་ནད་དུག་འགོག་པར་ཕན་པ་ཡོད་ལ།ལུས་པོས་དུག་རྒྱུ་དང་བེད་མེད་དངོས་པོ་ཕྱིར་ཕུད་པར་རོགས་འདེགས་ཀྱང་བྱེད་ཐུབ་པ་དང་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།
ཆུ་ཁོལ་ནི་ཆེས་བཟང་བའི་སྐོམ་ཆུ་ཡིན།མི་དར་མས་ཉིན་རེར་ཆེས་ཉུང་ནའང་ཆུ་ཧྲིན1.5ནས1.7འཐུང་དགོས་པ་ལས།སྐོམ་སྣང་འབྱུང་དུས་ད་གཟོད་ཆུ་འཐུང་ན་མི་འགྲིག་པ་རེད།ཆུ་འཐུང་ཚད་འདང་ཡོད་མེད་ལ་བརྟག་ཐབས་ཆེས་བཟང་པོ་ནི་གཅིན་གྱི་ཁ་དོག་ལ་ལྟ་བ་དེ་རེད།གཅིན་མདོག་སེར་སྐྱ་ཡིན་ན་ཆུ་འཐུང་ཚད་འདང་ཡོད་པ་དང་།སེར་ནག་ཡིན་ན་ཆུ་མ་འདང་བའི་རྟགས་ཡིན་ལ།སྐྱ་བོ་ཡིན་ན་ཆུ་འཐུང་རྒྱུ་མང་བའི་རྟགས་རེད།
དྲུག ཐ་མག་འཐེན་པ་དང་ཆང་འཐུང་བ། ཉེ་འགྲམ་གྱི་ཐ་མག་གི་དུ་བ་རྔུབ་པ་དེས་ཐ་མག་འཐེན་པ་དང་གཅིག་མཚུངས་ཀྱིས་ལུས་པོའི་བདེ་ཐང་ལ་གནོད་པ་བཟོས་ཏེ།རིམས་འགོག་ནུས་པ་ཇེ་དམའ་རུ་གཏོང་བཞིན་ཡོད།ཆང་བག་མེད་དུ་འཐུང་ན་མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་དམའ་རུ་འགྲོ་བར་མ་ཟད།ཕོ་བའི་འབྱར་སྐྱི་ལ་གནོད་པ་ཐེབས་པ་དང་འཇུ་བྱེད་མ་ལག་ལ་ངན་ཤུགས་ཐེབས་སྲིད།
རང་ཉིད་ཀྱིས་ཐ་མག་མི་འཐེན་ན་ཐ་མག་འཐེན་མཁན་དང་རིང་དུ་གྱེས་དགོས།ཆང་མ་འཐུང་ན་ཆེས་བཟང་མོད།འོན་ཀྱང་ངེས་པར་དུ་འཐུང་དགོས་པ་བྱུང་ན།སྐྱེས་པ་རྣམས་ཀྱིས་ཉིན་རེར་ཆང་བཅུད་ཁེ25(ཝུ་ཆང་ཧའོ་ཧྲིན750དང་རྒུན་ཆང་ཧའོ་ཧྲིན250།ཆང་དཀར་ཁེ50)དང་།བུད་མེད་རྣམས་ཀྱིས་ཁེ15ལས་བརྒལ་མི་རུང་།
བདུན། གཉིད་ཆག་པ། གཉིད་ཆག་ན་ལུས་པོའི་ཟགས་ཐོན་འཁྲིགས་ཏེ།རིམས་འགོག་མ་ལག་དོ་མཉམ་ཡོང་དཀའ་བའི་དབང་གིས་ལུས་པོར་རེད་པའི་རང་བཞིན་གྱི་ནད་རིགས་འབྱུང་སླ།
ལས་ཀའི་ནུས་ཕྱོད་ཇེ་མཐོར་བཏང་ནས།ལས་ཀའི་དབང་གིས་མཚན་བསྐྱལ་བའི་གནས་ཚུལ་ཇེ་ཉུང་དུ་གཏོང་དགོས།གལ་ཏེ་ལག་ཁྱེར་ཁ་པར་རྩེ་བར་ཚོད་འཛིན་བྱེད་མི་ཐུབ་ན།རང་འགུལ་གྱིས་ཁ་པར་གྱི་ཁ་རྒྱག་པ་དང་ཡང་ན་གཉིད་ལ་དོ་དམ་བྱེད་པའི་མཉེན་ཆས་སྒྲིག་སྦྱོར་བྱས་ཏེ།དུས་ཚོད8རིང་གི་གཉིད་ལ་ཁག་ཐེག་ཅི་ཐུབ་བྱེད་དགོས།
བརྒྱད། ལུས་སྦྱོང་མི་བྱེད་པ།ལུས་སྦྱོང་མ་བྱས་ན་སྙིང་དང་གློ་བའི་བྱེད་ནུས་ཇེ་དམའ་དང་ཁྲག་གི་འཁོར་རྒྱུག་ཇེ་དལ་དུ་འགྲོ་བར་མ་ཟད།རིམས་འགོག་ནུས་པའང་ཇེ་དམའ་རུ་འགྲོ་བ་རེད། རྒྱུན་ལྡན་གྱི་གནས་ཚུལ་འོག གཟའ་འཁོར་རེར་ཉིན་ལྔ་དང་ཐེངས་རེར་དུས་ཡུན་སྐར་མ30ནས60ཡི་བར་ལུས་སྦྱོང་ཚད་དང་རན་པ་བྱེད་དགོས། རྒན་པ་རྣམས་ཀྱི་ལུས་སྦྱོང་ནུས་པ་དང་ལུས་པོའི་བཟོད་ནུས་ཞན་པའི་དབང་གིས། གེགས་སེལ་ལུས་སྦྱོང་ཇེ་མང་དུ་བཏང་ནས་ཤ་གནད་ཕུང་གྲུབ་འདུས་ཚད་ཇེ་མཐོར་གཏོང་བ་དང་། ལུས་སྦྱོང་གི་སྐབས་སུ་ད་རུང་གློག་འབྱེད་རྫས་དང་སྤྲི་དཀར།འཚོ་རྒྱུCསོགས་འཚོ་བཅུད་དངོས་པོ་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས།
དགུ། གནོན་ཤུགས་ཆེ་བ།དུས་ཡུན་རིང་པོར་སེམས་ལ་གནོན་ཤུགས་ཀྱིས་ཁེངས་ན།རིམས་འགོག་མ་ལག་གི་ནད་འགོག་ནུས་པ་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བ་རེད། ལུས་སྦྱོང་བྱེད་པ་དང་དཔེ་ཆ་ཀློག་པ། གླུ་དབྱངས་ལེན་པ།གྲོགས་པོ་དང་ཁ་བརྡ་བྱེད་པ།སྟོང་འདང་རྒྱག་པ་སོགས་ཀྱི་བྱེད་ཐབས་ཀྱིས་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་དགོས།
བཅུ། ཉི་མར་མི་ལྡེས་པ།རྒྱུན་དུ་ཉི་མར་ལྡེས་ན་དབུགས་ལམ་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་བ་དང་།ལུས་པོས་ཀལ་བསྡུ་ལེན་བྱེད་ཚད་ཇེ་མཐོར་གཏོང་བར་མ་ཟད།མིད་པ་ན་བ་དང་ཆམ་པ་ཕོག་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་ཐུབ། སྔ་དྲོའི་དུས་ཚོད་བཅུ་དང་ཕྱི་དྲོའི་དུས་ཚོད་བཞི་བར་གྱི་ཉི་འོད་ཀྱིས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བར་མ་ཟད།སྐྱི་པགས་ལ་གནོད་འཚེའང་མི་ཐེབས་པས།དེའི་བར་དུ་ཉི་མར་ལྡེས་ན་ཆེས་ལེགས་པ་ཡིན།ཉི་མར་ལྡེས་ཐེངས་རེར་དུས་ཚོད་ཕྱེད་ཀ་ལས་མི་བརྒལ་བ་དང་ཉི་མར་ལྡེས་རྗེས་ལག་པ་ཕུར་ཕུར་དང་ངོ་གདོང་ལ་བསྐུ་མཉེ་བྱེད་ཆོག་གོ །