དཀར་མཛེས་ཁུལ་གྱིས་ཁུལ་རིམ་པའི་དུག་འགོག་སློབ་གསོའི་རྟེན་གཞི་ཐོག་མ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-06


        དཀར་མཛེས་ཁུལ་གྱི“6·26”དུག་འགོག་ཞབས་ཞུའི་ལྟེ་གནས་དང་དར་མདོ་གྲོང་ཁྱེར་སྡེ་ཁུལ་གྱི་དུག་གཅོད(ནད་གསོ)ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དར་མདོར་སྤེལ་བ་རེད།

        དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བྱ་སྤྱོད་དངོས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་ཆེད། སྤྱི་ཟླ6པའི་ཚེས26ཉིན། དཀར་མཛེས་ཁུལ་གྱི “6·26”དུག་འགོག་ཞབས་ཞུའི་ལྟེ་གནས(གཤམ་དུ“དུག་འགོག་ཞབས་ཞུའི་ལྟེ་གནས”ཞེས་བསྡུ་རྒྱུ)དང་དར་མདོ་གྲོང་ཁྱེར་སྡེ་ཁུལ་གྱི་དུག་གཅོད་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དར་མདོར་སྤེལ་བ་རེད།

        ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། ཁུལ་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཆང་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

        ལི་ཆང་གིས་བསྟན་དོན། དུག་འགོག་ལས་དོན་དེ་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་མི་རིགས་ཀྱི་མདུན་ལམ། མི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པ་རེད། དུག་རྫས་གཏན་འགོག་གི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་དང་སྤྱོད་འགོ་ཚུགས་པ་དེས་ཁུལ་རིམ་པའི་དུག་འགོག་སློབ་གསོའི་རྟེན་གཞི་མེད་པའི་སྟོང་ཆ་གསབ་པ་དང་ཁུལ་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་སློབ་གསོར་ལས་སྟེགས་གལ་ཆེན་ཞིག་བཏོད་ཡོད་ལ། “མཛེས་སྡུག་གི་དཀར་མཛེས་ཁུལ་དང་དུག་མེད་ས་གཙང”འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། རང་ཁུལ་གྱི་དུག་རྫས་སྔོན་འགོག་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་དུག་འགོག་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་བརྟེན། རང་ཁུལ་གྱི་རེས་གསར་པའི་མི་དམངས་དུག་འགོག་གི་དམག་འཐབ་གི་འགག་སྒྲོལ་བྱེད་སྟངས་ཁྱོན་ཡོངས་ནས་སྤེལ་བ་མཚོན་པ་རེད།

        ཁོང་གིས་དུག་འགོག་ཞབས་ཞུའི་ལྟེ་གནས་ཀྱི་དྲིལ་བསྒྲགས་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། “ལུས་ཁམས་བདེ་ཐང་དང་དུག་མེད་སླད་མེད”ཅེས་པའི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཡག་པོ་བྱས་ནས“དུག་རྫས་གཏན་འགོག་གི་གནས་བབ་གསར་པ་དང་བསྟུན་ནས་མང་ཚོགས་ཀྱི་རེ་སྒུག་གསར་པར་ཨ་ལན་སློག་པ”རྐང་ཚུགས་ས་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་ཁྱབ་ཁོངས་ཡངས་པ། རེས་སྐོར་མང་བ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་སློབ་གསོ་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་ནས་ཚོགས་སྤྱི་ཁག་དང་རིམ་པ་ཁག་ཏུ་ཡོངས་སུ་ཁྱབ་པ་བྱས་ནས་དུག་འགོག་ཤེས་བྱ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མིའི་སེམས་གཏིང་ལ་ཟུག་པར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མར“ཚེ་སྲོག་ལ་གཅེས་སྤྲས། དུག་རྫས་དང་རྒྱང་དུ་བྲལ”བའི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་བྱས་ནས། མི་དམངས་ཀྱི་དུག་འགོག་དམག་འཐབ་ལ་རྒྱལ་ཁ་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་ཆེན་པོའི་བྱས་བརྗེ་བཞག་དགོས་ཞེས་གསུངས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། དུག་འགོག་ཞབས་ཞུའི་ལྟེ་གནས་དེ་ཁུལ་དུག་འགོག་ཨུ་ལྷན་གྱིས་དར་མདོ་གྲོང་ཁྱེར་དུག་འགོག་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས་བཙུགས་པ་ཞིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་མ330ལ་ཟིན་ཞིང་མ་དངུལ་སྒོར་ཁྲི280ལྷག་ཙམ་བཏང་ཡོད་པ་རེད། དེའི་བརྗོད་དོན་གཙོ་བོ་ནི“དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་གནས་མཆོག་དཀར་མཛེས་ཁུལ་སྲུང་སྐྱོང་བྱ་དགོས”ཞེས་པ་དེ་ཡིན་ཞིང་། དེར“སྒྲིག་ལམ་ཚོམས་ཆེན་དང་དུག་ངོས་འཛིན་ཚོམས་ཆེན། དུག་འགོག་ཚོམས་ཆེན་བཅས་དང་དུག་ཟོན་ཚོམས་ཆེན”བཅས་འགྲེམས་ཁུལ་བཞི་དང་དེ་བཞིན་སྡེ་ཁུལ་དུག་གཅོད་བདེ་གསོའི་ཐུགས་ཁུར་བྱེད་ནུས་ཁུལ་བཅས་ཡོད་པ་རེད། འགྲེམས་ཁུལ་དུ་དུག་རྫས་གཏན་འགོག་གི་དྲིལ་བསྒྲགས་དང་སྡེ་ཁུལ་གྱི་དུག་གཅོད་བདེ་གསོ། གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོ་བཅས་བྱེད་ནུས་ཆེན་པོ་གསུམ་ཡོད་པ་རེད། ཕྱོགས་བསྡུས་ཐོག་པར་རིས་དང་ཡི་གེ་ཟུང་འབྲེལ། མཉམ་འགུལ་ཉམས་ལེན། VRཉམས་ལེན་སོགས་ཀྱི་ཚན་རྩལ་བྱ་ཐབས་སྤྱད་དེ་སྤྱི་དམངས་ལ་དུག་འགོག་སློབ་གསོའི་སློབ་ཁང་ཆེན་པོ་ཞིག་བསྐྲུན་ནས་ལྟ་སྐོར་བར་དུག་རྫས་ཀྱིས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་གནོད་འཚེ་ཉམས་སུ་མྱོང་བར་བྱས་ནས། དུག་འགོག་ཤེས་བྱ་ལ་སློབ་སྦྱོང་དང་དུག་ངོས་འཛིན་གྱི་ནུས་པ་ཇེ་ཆེ། དུག་འགོག་འདུ་ཤེས་ཇེ་དྲག། དུག་འགོག་གི་རྨང་གཞི་སྲ་བརྟན། དུག་འགོག་གི་དམག་འཐབ་གཏིང་ཟབ་བཅས་སུ་བཏང་བ་རེད།

        དར་མདོ་སློབ་འབྲིང་མཐོ་འབྲིང་གི་ལོ་རིམ་གཉིས་པའི་སློབ་མ་ལི་ཁོ་དབྱིས་འགྲེམས་སྟོན་ལ་བལྟས་རྗེས“ཐེངས་འདིའི་འགྲམས་སྟོན་བྱེད་སྒོ་ལ་བལྟས་རྗེས་ངས་དུག་རྫས་ཀྱི་རིགས་དང་གནོད་འཚེ་ལ་ཆ་རྒྱུས་ལོན་བྱུང་། ངས་ད་ལྟ་དེང་རབས་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་བརྒྱུད་ནས་ལད་ཟློས་བྱས་པའི‘དུག་རྫས་འཁོར་གཏོང’ཉམས་ལེན་བྱས་པ་ཡིན། དེར་སྡོད་སྐབས་མགོ་ཡུ་འཁོར་གྱི་འདུག‘དུག་རྫས་འཁོར་གཏོང’ནི་རང་ཉིད་ཀྱི་ཚེ་སྲོག་ལ་འགན་མི་འཁུར་བར་མ་ཟད་མི་གཞན་གྱི་ཚེ་སྲོག་ལའང་འགན་མི་འཁུར་བ་རེད། ང་ཚོ་ནི་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་གཟབ་ནན་ངང་གྲོགས་པོ་སྒྲིག་པ་དང་ཚུལ་མིན་གྱི་གནོད་འཚེ་བཀག་འགོག་བྱས་ནས‘དུག་མི་འཐེན་པ’མཐའ་གཅིག་ཏུ་བྱས་ཏེ་དུག་འགོག་བྱ་གཞག་ལ་ལེགས་སྐྱེས་འབུལ་དགོས”ཞེས་བཤད།

        དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་རིམ་པ་གཉིས་པའི་དུག་འགོག་ཨུ་ལྷན་གྱི་ཁོངས་གཏོགས་སྡེ་ཚན་གྱི་མགོ་ཁྲིད་དང་འཐུས་མི། དར་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་ཞབས་ཞུའི་ལས་སྒྲུབ་མི་སྣ། དེ་བཞིན་དར་མདོ་གྲོང་ཁྱེར་གྱི་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་གཞུང)སོ་སོའི་འཐུས་མི། སྡེ་ཁུལ་གྱི་འཐུས་མི། སློབ་མའི་འཐུས་མི་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་བལྟས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1