ཐང་སྐོར་གྲོང་རྡལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་གནས་ཚུལ་རགས་བཀོད།
ཐང་སྐོར་གྲོང་རྡལ་ནི་རང་ཁུལ་གྱི་མིང་དུ་གྲགས་པའི་རྨ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་ཏེ། རྨ་ཆུའི་དགུ་ཁུགས་ཀྱི་ཁུགས་སོ་དང་པོའི་ཉེ་འགྲམ་ན་ཆགས་ཡོད་པ་དང་། ཕྱིའི་སྣོད་ཀྱི་རྩྭ་ཆུ་འཛོམས་ཤིང་། རྨ་ཆུའི་མགོ་ཁུངས་གལ་ཆེན་དུ་བཤད་པའི་བརླན་སའང་ཁྱོན་ཆེན་པོ་འདུག ནང་གི་བཅུད་ལའང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་། རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་བྱ་ངང་བ་སེར་པོ་སོགས་མང་པོ་ཡོད་ལ། གཞན་ཡང་གྲོང་རྡལ་འདི་རྒྱལ་ཡོངས་ཀྱི་རྟའི་རྒྱུད་གྲགས་ཅན་གསུམ་དུ་བཤད་པའི་ཡ་གྱལ་རྨ་རྒྱུད་རྟ་མཆོག་གི་ཕ་སའི་ཆར་ཡང་གཏོགས།
ཉེ་བའི་ལོ་འགའི་རིང་། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དངོས་པོའི་རྨང་གཞི་རུ་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་མཐར། ཐང་སྐོར་གྱི་ལེགས་ཆ་ལྡན་པའི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐམས་ལམ་ཞིག་རྙེད་ཡོད། སྐྱེ་ཁམས་དང་ལྗོངས་སྐོར་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་གཉེར་བ་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་། རྨ་ཆུའི་དགུ་ཁུགས་ཀྱི་ཁུགས་སོ་དང་པོའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ལྗོངས་སྐོར་ལས་རིགས་གཉེར་ན། མཛེས་ལྗོངས་ཁུལ་གྱི་ཁེ་ཕན་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གཉིས་ཆར་བ་ཆུ་གྲོགས་ཀྱིས་ཕྱོགས་གཉིས་ལ་ཕན་པ་སྒྲུབ་ནུས།
2016ལོར། ཀྲི་པུའུ་ཡིས་སྣེ་ཁྲིད་དང་། མཐུན་ཚོགས་ཀྱིས་གཉེར་སྐྱོང་། འབྲོག་ཁྱིམ་ལ་ཁེ་འབབ་བགོ་བའི་བྱེད་སྟངས་སྤྱད་དེ་སྡེ་བ་མཉམ་སྡེབ་དཔལ་འབྱོར་1བཙུགས་པར་མ་དངུལ་སྒོར་ཁྲི་200ལྷག་བཏང་སྟེ་མགྲོན་ཁང་བསྐྲུན་པ་དང་། སྡེ་བ་དེའི་ཁྱིམ་ཚང་163མ་རྐང་ནང་ཞུགས་པར་སྡེ་བ་དེའི་ཁྱིམ་ཚང་དབུལ་བོ་ཚང་མ་འདུས། 2019ལོར། ཁྲེང་ཏུའུ་ཡི་ཏ་ཀྲང་ཀའེ་མགྲོན་ཁང་དང་མཉམ་ལས་གྲོས་མཐུན་བཞག་པས་སྡེ་བ་ཡོངས་ཀྱི་མི་རེར་ཆ་སྙོམས་སྒོར་1556ཐོབ་པ་དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་མི་རེར་སྒོར་3388ཐོབ།
མགོ་སེར་སྡེ་བའི་སྡེ་དཔོན་གཞོན་པ་བསྟན་འཛིན་རྡོ་རྗེ་ཡིས། 2021ལོར། ངེད་སྡེ་བས་ལས་ཞུགས་ལས་གནས་9ཐག་བཅད་ཡོད་པ་དང་། རྗེས་མར་མུ་མཐུད་དུ་ཁྲོམ་རའི་དགོས་མཁོར་གཞིགས་ནས་ངེད་སྡེ་བའི་ཤེས་ལྡན་པ་དང་། ཁོར་ཡུག སྡེ་བ་ཆགས་ཡུལ་ཀྱི་ས་ཁམས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བསྒྱུར་རྒྱུར་ཁྲིད་སྟོན་ལུགས་མཐུན་དང་། སྐུལ་འདེད་བྱས་ཏེ་ཚད་ལྡན་ཅན་གྱི་འབྲོག་ལས་དང་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཞེས་བཤད།
མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་དེང་རབས་འབྲོག་ལས་གཉེར་བ་སྟེ། དེང་རབས་འབྲོག་ལས་འཕེལ་རྒྱས་འབྱུང་ཆེད། གཟན་རྩྭ་བཏབ་པ་དང་། གཟན་རྩྭ་ལས་སྣོན་བྱེད་ས་བཙུགས་པར་མ་ཟད། ཆིན་ཀྲིན་བཤས་ར་དང་སྐམ་ཤ་ལས་སྣོན་བཟོ་གྲྭ་སོགས་བཙུགས་ཏེ། དེང་རབས་འབྲོག་ལས་སྒོ་ཀུན་ནས་དར་བར་བསྐུལ་བས། མགོ་སེར་སྡེ་བའི་འབྲོག་ལས་རྗེས་ལུས་ཡིན་པ་དང་གནམ་ལ་བརྟེན་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་ནས་རིམ་བཞིན་དེང་རབས་ཅན་གྱི་འབྲོག་ལས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད།
དེ་ལས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་པ་དང་། ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་བྱུང་བས། ཐོན་སྐྱེད་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། འབྲོག་ལས་ལ་སྔར་ན་མེད་པའི་འཕེལ་རྒྱས་བྱུང་ཡོད། ཕྱུགས་ལས་དར་རྒྱས་གཏོང་བའི་ཐབས་ཇུས་སྣ་མང་ལག་ལེན་བྱས་པ་དང་། རྩྭ་ཐང་བྱེ་འགྱུར་འགོག་བཅོས་བྱས་པ་དེས་མགོ་སེར་སྡེ་བའི་འབྲོག་ལས་ཀྱང་ཚན་རྩལ་འབྲོག་ལས་ཀྱི་ཕྱོགས་སུ་རིམ་གྱིས་བསྐྱོད་ཡོད་པ་དང་། དྲོད་ཁང་འཛུགས་སྐྲུན་དང་། དགུན་རྩྭ་གསོག་འཇོག་བཅས་བྱས་པས་འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མགོ་སེར་སྡེ་བ་སྔོན་ཆད་ཀྱི་འབྲོག་ལས་སྣ་གཅིག་ཅན་ནས་འབྲོག་ལས་ཀྱིས་སྲོག་ཤིང་བྱས་པའི་ཐོན་ལས་གཉིས་པ་དང་གསུམ་པའང་འདུ་བའི་ཐོན་ལས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་།
མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་རིག་གནས་ཐོན་ལས་གཉེར་བ་སྟེ། རིག་གནས་ཐོན་ལས་དང་མཉམ་སྡེབ་དཔལ་འབྱོར་གཉིས་མཉམ་འདུས་ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྐ་ཆུ་སྡེ་ཁུལ་གྱིས་མི་སྒུག་མི་བརྟེན་པའི་བརྟུལ་ཞུགས་བཟུང་སྟེ། ཁྱིམ་ཚང་62ཀྱིས་མ་རྐང་སྒོར་ཁྲི་163བསྡུས་ཤིང་། མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པའི་སྒོ་ནས་བྱིས་པ་རྩེད་རྩེད་དང་། རང་ཁུལ་གྱི་ཆེས་ཐོག་མའི་ཡུལ་ཚོ་རིམ་པའི་ཞི་བདེ་རྒྱ་མཚོའི་གློག་བརྙན་ཁང་བཙུགས་པར་མ་ཟད། བོད་སྨན་ལུམས་ཁྲིས་ཁང་ཡང་གསར་སྤེལ་བྱས་པས། མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཉམས་ཞན་པ་ནས་སྟོབས་ཆེ་བར་གྱུར་ཡོད།
རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་ལྡན་པར་བྱེད་པའི་མ་ཡུམ་ཡིན་ཞེས་པའི་སྙིང་སྟོབས་རྒྱུད་ལ་བཅངས་ཏེ། རྨ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་། སྡེ་བ་སྤྱི་ལ་དབང་བའི་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་རྐང་ཇེ་བརྟན་དང་ཡོང་འབབ་ཇེ་བཟང་དུ་གཏོང་བའི་ལས་ལ་ལེགས་པར་ཞུགས་བཞིན། རྨ་ཆུའི་འགྲམ་རྒྱུད་དུ་འཚོ་བའི་ཐང་སྐོར་པ་ཏང་གི་སྲིད་ཇུས་བཟང་པོས་སྐུལ་མ་ལས་མ་འོངས་བདེ་སྐྱིད་ཀྱི་འཚོ་བར་ཉེ་བར་བཅལ་བཞིན་ཡོད་དོ།།