གསེར་རྟ་རྫོང་ནི་སི་ཁྲོན་དང་མཚོ་སྔོན་གྱི་འབྲེལ་མཚམས་སུ་ཆགས་ཡོད་ལ། ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་མི་རིགས་རིག་གནས་ཀྱི་རྫོང་ཤིན་ཏུ་སྟུག་པས། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་ཚོའི་ཡིད་སེམས་དབང་མེད་དུ་འཕྲོག་བཞིན་ཡོད། འོན་ཀྱང་། མཚོ་འཕགས་མཐོ་ཞིང་གསོ་རླུང་ཉུང་བའི་རྐྱེན་གྱིས་ཡུལ་སྐོར་བ་གང་མང་པོ་ཞིག་ཡུལ་སྐོར་ལ་འགྲོ་མཚམས་བཞག་དགོས་བྱུང་།
ད་ལོ། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་མཐོ་སྒང་དུ་གནས་སྡོད་ལ་འཚམ་པའི་ལས་གྲྭ”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། གསེར་རྟ་རྫོང་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་དོ་དམ་སྤྱི་གཉེར་ཁང་གིས་པའོ་ཅི་ཧྲོང་ཧྥུང་རླངས་གཟུགས་ཚད་ཡོད་སྤྱི་གཉེར་ཁང་དང་སན་ཆི་ཡུས་དབྱང(སི་ཁྲོན)སྤྱི་གཉེར་ཁང་གཉིས་དང་མཉམ་འབྲེལ་བྱས་ཏེ། གསེར་རྟ་རྫོང་དུ་གསོ་རླུང་ས་ཚིགས་སྐྲུན་རྒྱུ་རྨང་གཞིར་བྱས་ནས་མཉམ་འབྲེལ་སྒོས་མཐོ་སྒང་གསོ་རླུང་མཁོ་འདོན་གཞི་གཅིག་ཅན་གྱི་ཐག་གཅོད་ཇུས་གཞི་བཏོན་པས། མཐོ་སྒང་དུ་འཚོ་བ་དང་ཡུལ་སྐོར། ལས་ཀ་བཅས་བྱེད་སྐབས་གསོ་རླུང་གིས་མི་འདང་བར་སེམས་ཁྲལ་བྱེད་མི་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་རྫས་དེ་མིག་སྔར་ཚོགས་བཞིན་པའི་དཀར་མཛེས་ཁུལ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་ཚོགས་ཞུགས་མི་སྣར་རིན་མེད་ངང་མཁོ་འདོན་བྱེད་བཞིན་ཡོད་ལ། དེ་ལས་ཐོན་རྫས་ཀྱི་དངོས་ཤུགས་དང་སྒྲིག་ཆས་བརྟན་ཞིང་བློས་འགེལ་ཆོག་པ་མངོན་ཡོད། ཐོན་རྫས་དེས་འཐུས་སྒོ་ཚང་བའི་མ་ལག་ཇུས་འགོད་ནུས་པ་དང་། བརྟན་ཞིང་བརླིང་བའི་སྒྲིག་ཆས་ཀྱི་སྤུས་ཚད། ལས་ཕྱོད་མཐོ་ལ་དུས་བསྟུན་ཞབས་ཞུའི་ནུས་པ་བཅས་ཀྱི་ཐད། བཀོལ་སྤྱོད་བྱེད་མཁན་གྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།
ཐོན་རྫས་དེ་ཐོན་སྐྱེད་བྱས་རྗེས། རྒྱལ་ལམ་318ལམ་རྒྱུད་ཀྱི་ཐེན་ཆོན་ཞབས་ཞུ་ཁུལ་དང་། དར་མདོ། ར་རྔ་ཁ། འདབ་པ། འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ། ལི་ཐང་། འབའ་ཐང་། མཛོ་སྒང་། ལྷ་ས་བཅས་དང་། རྒྱལ་ལམ་317ལམ་རྒྱུད་ཀྱི་གསེར་རྟ་དང་། དཀར་མཛེས། སྡེ་དགེ །ཆབ་མདོ། སྟེང་ཆེན། ནག་ཆུ། ལྷ་ས་བཅས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་རེད།