སྤྱང་ཀི་ནི་རྩྭ་ཐང་གི་ཤ་གཟན་གྲགས་ཅན་རིགས་ཞིག་ཡིན་པའི་ཆ་ནས། ཁོར་ཡུག་གི་འཚོ་སྡོད་ནུས་པ་ཆེ་ལ་རྩྭ་གཟན་སྲོག་ཆགས་དང་འཚོ་བཅུད་རིམ་པ་མཐོ་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་སྙོམས་སྒྲིག་བྱེད་ཐུབ་པས། སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ། 2020ལོའི་ཟླ8པར་རྒྱལ་ཡོངས་ཀྱི་སྤྱང་ཀིའི་སྐྱེ་ཁམས་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མ་མཛོད་དགེ་རུ་བཙུགས་པ་ནས་བཟུང་། སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་དང་། ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་སྒོས། མཛོད་དགེ་རྫོང་གི་རི་སྐྱེས་སྤྱང་ཀིར་ཆེད་དུ་དམིགས་པའི་ལྟ་ཞིབ་ཚད་ལེན་ལས་སྒོ་ཐེངས་མང་སྤེལ།
སྲུང་སྐྱོང་ཁུལ་གྱི་ལས་མིའི་མཚམས་སྦྱོར་ལྟར་ན། 2022ལོའི་ཟླ3པ་ནས6པའི་བར། སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་དང་། ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་གཉིས་ཀྱིས་མི་མེད་འཕུར་གྲུ་སྤྱད་དེ་སྤྱང་ཀི8ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། དམར་ཕྱིའི་འོད་བརྟེན་པར་ཆས་སྤྱད་དེ་སྤྱང་ཀི་དར་མ10ལྷག་ཐོ་འགོད་ཐུབ་པར་བྱུང་།
སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ཚན་རིག་ཞིབ་འཇུག་ཚན་ཁག་གི་ཚན་གཙོ་བསོད་ནམས་རྡོ་རྗེས་བཤད་རྒྱུར། ད་ལོའི་ཟླ་གསུམ་པ་ནས་བཟུང་ང་ཚོས་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་དང་མཉམ་དུ། སྲུང་སྐྱོང་ཁུལ་དང་མཛོད་དགེ་རྫོང་ཁོངས་སུ་སྤྱང་ཚང་ལ་བརྟག་དཔྱད་བྱས། ཟླ་བཞི་པ་དང་ལྔ་པར་གནས་གཏན་འཁེལ་བྱུང་བའི་སྤྱང་ཚང་དུ་དམར་ཕྱིའི་འོད་བརྟེན་པར་ཆས་ལྐོག་བཞག་བྱས། ལོ་སྨད་དུ་ང་ཚོས་མུ་མཐུད་དུ་དམར་ཕྱིའི་འོད་བརྟེན་པར་ཆས་སྐོལ་འཇོག་བྱེད་རྩིས་ཡོད་པས། ཚན་རིག་ཞིབ་འཇུག་གི་རིན་ཐང་ལྷག་ཏུ་ལྡན་པའི་པར་མང་བོ་ལེན་ཐུབ་པའི་རེ་བ་ཆེ་ཟེར།
ད་ལྟའི་བར་སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་གཉིས་ཀྱིས། བསྡོམས་པའི་མཚམས་ཐིག49ཡི་ཁྱབ་ཁོངས་ལ་དམིགས་ཏེ་བརྟག་དཔྱད་དང་ཚད་ལེན་བྱས་ཏེ། མ་དཔེ་འཚོལ་གནས435བཙུགས་ཤིང་སྤྱང་ཚང9ལ་བརྟག་དཔྱད་བྱས་པར་མ་ཟད། བརྟག་དཔྱད་ཁྱབ་ཁོངས་སུ་དམར་ཕྱིའི་འོད་བརྟེན་པར་ཆས9ལྐོག་འཇོག་བྱས། ཐེངས་འདིའི་ཐོག་མའི་བརྟག་དཔྱད་འབྲས་བུ་ལྟར་ན། མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་སྐྱེ་དངོས་ཀྱི་སྣང་མང་རང་བཞིན་ཕུན་སུམ་ཚོགས་ཤིང་། དེར་ཤ་གཟན་ཆེ་འབྲིང་རིགས་ཀྱི་སྲོག་ཆགས་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད་པས། གཟན་རིགས་དྲ་རྒྱ་དང་སྐྱེ་ཁམས་མ་ལག་གི་སྒྲིག་གཞི་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། །