ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པུན་ལ་ཨར་ཅི་རི་ཡའི་རང་བཙན་གསར་བརྗེར་རྒྱལ་ཁ་ཐོབ་ ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-07



    ལི་ཁེ་ཆང་གིས་ཨར་ཅི་རི་ཡའི་ཙུང་ལི་ཨ་པུ་ཏུའུ་ལཱ་ཧོ་མན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡ་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐེ་པུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཨར་ཅི་རི་ཡའི་རང་བཙན་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས། ལོ་ངོ་60ཡི་གོང་། ཨར་ཅི་རི་ཡའི་མི་དམངས་ཀྱིས་དཀའ་སྤྱད་འཐབ་རྩོད་བྱས་པ་བརྒྱུད། རྒྱལ་ཁབ་རང་བཙན་བྱུང་བ་དང་མི་རིགས་བཅིངས་འགྲོལ་ཐོབ་ནས་ཨ་རབ་དང་ཨ་ཧྥེ་རི་ཁའི་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཨར་ཅི་རི་ཡའི་རང་བཙན་གསར་བརྗེར་རྒྱབ་སྐྱོར་དང་རོགས་རམ་བྱས་པས། འཐབ་རྩོད་ཁྲོད་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་འབྲེལ་ཟབ་མོ་ཆགས་ཡོད། ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་ཡོད། ངས་ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཐེ་པུན་དང་ལྷན་དུ་འབད་བརྩོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

    དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨར་ཅི་རི་ཡའི་ཙུང་ལི་ཨ་པུ་ཏུའུ་ལཱ་ཧོ་མན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ཞིང་། ཁོང་གིས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་64སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ངས་ཙུང་ལི་ཨ་པུ་ཏུའུ་ལཱ་ཧོ་མན་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་དང་ཟབ་ཏུ་གཏོང་བ་དང་། ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1