དབྱིན་ཇིའི་དབུ་བཞུགས་བློན་ཆེན་གསར་པའི་འགྲན་རྩོད་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-12


 

      དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི་·ཇོང་སེན་གྱིས་སྲིད་འཛིན་ཏང་སྲུང་འཛིན་ཏང་གི་འགོ་འཛིན་དང་དབུ་བཞུགས་བློན་ཆེན་གྱི་གོ་གནས་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས། སྲུང་འཛིན་ཏང་གི་ཁོངས་མི་མང་པོས་ཚེས་8དང་ཚེས་9ཉིན་སྔ་རྗེས་སུ་ཏང་གི་འགོ་འཛིན་གྱི་འགྲན་རྩོད་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྲུང་འཛིན་ཏང་གིས་གཟའ་འཁོར་རྗེས་མར་འདེམས་བསྐོའི་དུས་ཚོད་རེའུ་མིག་ཁྱབ་བསྒྲགས་བྱ་རྒྱུ་དང་། འགོ་འཛིན་གསར་པས་ཟླ་9པར་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རེ་ཡོད་པ་བཀོད། 

   ད་ལྟའི་དུས་མཚམས་སུ། འདེམས་བསྐོ་ནང་ཞུགས་མཁན་ལ་ནོར་སྲིད་བློན་ཆེན་ཟུར་པ་ལི་ཞི·སུའུ་ན་ཁེ་དང་། གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཐང་མུའུ་·ཐུའུ་ཀེན་ཏ་ཐེ། སྤྱི་ཁྱབ་ཞིབ་དཔྱོད་དཔོན་སུའུ་ལ·པུའུ་ལེ་ཧྥུའུ་མན། དེ་བཞིན་དུ་སྲིད་དོན་དཔོན་གཞོན་པ་ཟུར་པ་ཅི་སྨི·པ་ཏེ་ནུའོ་ཧོ་བཅས་ཚུད་ཡོད།

   དབྱིན་ཇིའི་སྨྱན་སྦྱོར་གྱིས་བཤད་པ་ལྟར་ན། མིག་སྔར་འགྲན་རྩོད་མཁན་ལ་མངོན་གསལ་གྱི་བཟང་ཆ་མེད། ཨའོ་ཕི་ཉིའུ་མུའུ་བློ་འདྲི་ཀུང་སིས་དམངས་འདོད་བརྟག་དཔྱད་བྱས་འབྲས་གསར་ཤོས་ཤིག་ལས། ཇོང་སེན་སྲིད་གཞུང་གི་མི་མང་པོ་“ལས་གནས་ལས་བྲལ་བ་”བཟོ་མཁན་སུའུ་ན་ཁེ་ནི་མདུན་གྲལ་ཡོད་པ་སྟེ། དེ་ལ་ཏང་གི་ཁོངས་མི་བཞི་ཆ་གཅིག་གི་རྒྱབ་སྐྱོར་ཐོབ་ཡོད། 

   དམངས་འདོད་བརྟག་དཔྱད་དེ་དང་ཆབས་ཅིག ཕྱི་འབྲེལ་བློན་ཆེན་དབྱི་ལི་ཧྲ་པེ·ཐེ་ལ་སིས་ཏང་གི་ཁོངས་མིའི་ཁྲོད་སྙན་གྲགས་ཨང་གཉིས་པ་ཟིན་ཡོད་དེ་21%གི་རྒྱབ་སྐྱོར་ཐོབ་མོད། འོན་ཀྱང་ཐེ་ལ་སིས་འདེམས་བསྐོ་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་མེད། རྒྱལ་སྲུང་བློན་ཆེན་པིན་·ཧྭ་ལའེ་ཧྲི་ཨང་གསུམ་པར་སླེབས་ཡོད་དེ་རྒྱབ་སྐྱོར་བྱེད་ཚད་12%ཟིན་ཡོད། ཚེས་9ཉིན། ཧྭ་ལའེ་ཧྲེ་ཡིས་ཁོ་རང་འགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་མེད་པ་བཤད།  

  

   སུའུ་ན་ཁེས་ཚེས་5ཉིན་ནོར་སྲིད་བློན་ཆེན་གྱི་ལས་གནས་དགོངས་ཞུ་བྱས། ཁོས་ལས་གནས་དགོངས་ཞུའི་ཡི་གེ་ནང་ཇོང་སེན་གྱིས་ལས་གནས་འཕེར་པོ་མ་བྱུང་བ་དང་། ཁོ་ལ་ཡིད་ཆེས་ཤོར་ཡོད་པ་བརྗོད། ཁོང་གི་བཤད་ཚུལ་ལྟར་ན། ཁོང་དང་ཇོང་སེན་གཉིས་ཀྱིས་དཔལ་འབྱོར་སྲིད་ཇུས་སྟེང་དུ་གཅིག་མཐུན་འབྱུང་འདོད་མོད། འོན་ཀྱང་ཁོང་གཉིས་ཀྱི་ལྟ་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པས་མཐུན་ཐབས་མེད།

   ཇོང་སེན་གྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་རྗེས། ཚེས་8ཉིན་སུའུ་ན་ཁེ་ཡིས་དབུ་བཞུགས་བློན་ཆེན་གསར་པའི་འགྲན་བསྡུར་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་བརྙན་ལམ་གཏམ་བཤད་སྤེལ་ནས“ཟོལ་མེད་དང་། གཟབ་ནན། བརྟན་པོ”བཅས་ཀྱི་སྒོ་ནས་དབྱིན་ཇིའི་མིག་སྔའི་དཔལ་འབྱོར་དཀའ་གནད་ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1