ལས་ལ་བརྩོན་ཞིང་བསམ་གཞིག་བྱེད་མཁས་ན།། རང་ཉིད་ཕྱུག་པོར་འགྱུར་ལ་དཀའ་ཁག་ཅི།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-12




སྐྱིད་ཐང་ཡུལ་མི་ཕྱུག་ལམ་དུ་ཁྲིད་མཁན་ཝང་ཡུས་ལེང་གི་གནས་ཚུལ་རགས་བཀོད། 


 


ཝང་ཡུས་ལེང་གིས་ཞིང་དུ་སྨན་རམ་ལ་བདག་གཉེར་བྱེད་བཞིན་པའི་ཚུལ། 

        ཝང་ཡུས་ལེང་ནི་དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་ཁང་གསར་གྲོང་སྡེའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན་ཞིང་། ད་ལོར་ལོ45སོན་ཡོད། ཁོ་རང་ནི་བསམ་བློ་གཏོང་སྐྱེན་པ་དང་གཏོང་མཁས་པ། ཁ་བཤད་དོན་ལ་གནས་པའི་མི་ཞིག་ཡིན། 2015ལོ་ནས་བཟུང་ཁོས་སྨན་རམ་འདེབས་འཛུགས་བྱེད་འགོ་བཙུགས་ཡོད། ད་ཆ་ཝང་ཡུས་ལེང་ཚང་གི་ས་ཞིང་མུའུ་གཅིག་དང་ཕྱེད་ཡོད་པར་ཚང་མ་སྨན་རམ་བཙུགས་ཡོད་ཅིང་། སྨན་རམ་རྐྱང་པ་བཙུགས་པའི་ཡོང་འབབ་ལོ་རེ་ལ་སྒོར་ཁྲི4ལྷག་རག་གི་ཡོད་པ་རེད།


 སྨན་རམ་འདེབས་འཛུགས་ཀྱི་བསམ་ཚུལ་བྱུང་བ་དང་ལག་ལེན་བསྟར།

        སྨན་རམ་ཞེས་པ་ནི་མེ་ཏོག་ཅིག་གི་མིང་ཡིན་ལ་སྲོལ་རྒྱུན་རྩྭ་སྨན་གྱི་གྲས་ཤིག་ཀྱང་ཡིན། དེ་ལ་ཆུ་སེར་སྐམ་པ་དང་ཁྲག་གཅོད་པ། གློ་བ་གསོ་བ། སྐྲང་པ་འཇགས་པ། ཤའུ་གསར་སྐྱེ་བའི་ནུས་པ་ཡོད་པར་མ་ཟད། དེ་མིན་སྐྱེ་ཁམས་སྨན་རྫས་དང་ལུས་གསོ་བཟའ་བཅའ། འཁལ་ཐགས་ཚོས་རྒྱག། བྱུག་རྫས་དམིགས་བསལ་ཅན། རྒྱུན་སྤྱོད་རྫས་བཟོ་སོགས་ཀྱི་ཐད་ལ་ཡང་ཚོང་ལས་ཀྱི་རིན་ཐང་ཆེན་པོ་ཡོད་པ་རེད།

        ཝང་ཡུས་ལེང་གིས་ང་རང་གིས་སྨན་རམ་འདེབས་འཛུགས་བྱ་རྒྱུའི་བསམ་ཚུལ་ཇི་ལྟར་བྱུང་བ་ལ་གཏམ་རྒྱུད་ཆུང་ཆུང་ཞིག་ཡོད། ངའི་ཨ་ཅེ་ཝང་ཡུས་ཀྲེང་གི་བཟའ་ཟླ་ལ་སྭེལ་རྡོའི་ཕྱེ་རྡུལ་རྒྱུན་དུ་བརྔུབས་པ་ལས་བྱུང་བའི་གློ་ནད་ཚི་སྣ་ཅན་ཞེས་པ་ཕོག་ནས་ལོ་མང་པོར་སོང་ཡོད། ངའི་ཨ་ཅེས་སྨན་རམ་ཆུ་རུ་སྦངས་ནས་བཏུང་ན་གློ་ནད་ཚི་སྣ་ཅན་ལ་ཕན་པ་ཡོད་ཚུལ་རྣ་ཐོས་བྱུང་བར་བརྟེན། གྲོང་སྡེའི་མཐའ་སྐོར་གྱི་ནགས་རིར་ཕྱིན་ནས་རི་སྐྱེས་སྨན་རམ་བརྐོས་ཏེ་ཆུ་བསྐོལ་འཇམ་དུ་སྦངས་ནས་རང་གི་བཟའ་ཟླ་ལ་འཐུང་དུ་བཅུག་པ་རེད། སྨན་རམ་བཏུང་རྗེས་ནད་ཀྱང་དྲག་སྐྱེད་ཅུང་ཟད་བྱུང་ཡོད། རེད་དེ་རི་སྐྱེས་སྨན་རམ་འཐུ་སར་འགྲོ་དགོས་ན་རི་ཅུང་མཐོ་ཞིང་ལ་དཀན་པའི་རྐྱེན་གྱིས་སྟབས་བདེ་པོ་དེ་ཙམ་མེད། དེ་ནས་ཨ་ཅེ་ཝང་ཡུས་ཀྲེང་གིས་རི་སྐྱེས་སྨན་རམ་རང་གི་ས་ཞིང་དུ་སྤོས་བཙུགས་བྱས་པ་རེད། ཏག་ཏག་ལོ་དེར་སྨན་རམ་ལ་ལོ་ལེགས་བྱུང་ནས་གཅེན་མོའི་བཟའ་ཟླའི་སྨན་འདང་ངེས་ཡོད་པའི་ཁར་ད་དུང་སྨན་རམ་བཙོངས་ནས་སྒོར7000ལྷག་རག་ཡོད། གལ་ཏེ་བདག་གཉེར་ཡག་པོ་བྱས་ནས་ཐོན་ཚད་འབོར་ཆེན་བྱུང་བ་ཡིན་ན་དེ་ནི་ཕྱུག་པོར་འགྱུར་བའི་ཐབས་ལམ་བཟང་པོ་ཞིག་མ་ཡིན་ནམ། ཞེས་སྐབས་དེར་ང་རང་ལ་བསམ་ཚུལ་ཐོལ་བྱུང་དེ་འདྲ་ཞིག་བྱུང་ཞེས་མྱོང་ཚོར་ཆེན་པོའི་སྒོ་ནས་དེ་ལྟར་བཤད་པ་རེད།

        2015ལོར་ཝང་ཡུས་ལེང་གིས་སྨན་རམ་ཚོད་ལྟ་འདེབས་འཛུགས་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ། དཀའ་བའི་སྡུག་ཅིག་མ་བརྒྱབ་ན།། ཞིམ་པོའི་ཟས་ཤིག་ག་ལ་རག་ཅེས་པ་ལྟར། སྨན་རམ་ཚོད་ལྟ་འདེབས་འཛུགས་སྐབས་ལ་དཀའ་ངལ་འཕྲད་ཚུལ་སྐོར་གླེང་བའི་ཚེ། ཝང་ཡུས་ལེང་གིས་ལས་ཀ་དེ་ལ་ཐོག་མར་འཇུག་དུས་སྨན་རམ་གྱི་མྱུ་གུ་ཇི་ལྟར་སྤོ་འཛུགས་བྱ་དགོས་པ་མི་ཤེས་པའི་རྐྱེན་གྱིས་མྱུ་གུ་མང་པོ་སའི་གཏིང་རུམ་དུ་བཙུགས་ཡོད། མྱུ་གུའི་འཛུགས་པའི་གཏིང་ཚད་ཟབ་དྲགས་ན་སྨན་རམ་གྱི་སྡོང་བུ་སྐྱེད་ཐབས་བྲལ་བ་ཡིན་འདུག། ཕྱི་ལོར་དེ་ལྟར་ཡིན་པ་གཞི་ནས་ཤེས་ཚེ་བརྐོས་ནས་ཡང་འཛུགས་མི་བྱེད་ཀ་མེད་བྱུང་། སྡུག་དཀའ་ལས་བརྒྱབ་པ་སྟོང་མེད་དུ་སོང་ཁར་ མྱུ་གུ་ཕྱེད་ཀ་ལྷག་ཀྱང་འཕྲོ་བརླག་ཏུ་སོང་ནས་གྱོང་གུན་མི་ཉུང་བ་ཞེས་ཀྱང་ཕོག་ཡོད་ཅེས་སེམས་ཕངས་པའི་ཉམས་དང་བཅས་དེ་ལྟར་བཤད།

        སྨན་རམ་གྱི་མྱུ་གུ་མ་འཛུགས་སྔོན་ལ་ཐོག་མར་དུག་སེལ་བྱ་དགོས། དེ་ནས་ས་སོབ་སོབ་བཟོས་རྗེས་ཞིང་གདང་ཡག་པོ་བཟོས་ནས་ཆར་ཆུ་འགྲོ་ལམ་ཡག་པོ་བཟོ་དགོས་པ་ལས་ཆར་ཆུ་གསོག་ཏུ་གཞུག་རྒྱུ་མེད། འཛུགས་དུས་བར་ཐག་གང་འཚམ་གཞག་དགོས། བཙུགས་ཚར་རྗེས་ངེས་པར་དུ་དུས་རྒྱུན་ཡུར་མ་རྒྱག་པ་དང་དུས་ཐོག་ཏུ་ལུད་གདབ་དགོས། ཞེས་ཝང་ཡུས་ལེང་གིས་དྲྭ་ཐོག་སོགས་བརྒྱུད་ནས་འདེབས་འཛུགས་ཤེས་བྱ་དང་ལག་རྩལ་སྦྱངས་པ་ལོ་འགའ་བྱས་པ་ལས་ཐོབ་པའི་ཉམས་མྱོང་ལྷུག་པོར་བཤད། ལོ་གསུམ་གྱི་རྗེས་སུ་བྱས་པའི་ལས་ལ་ཐོབ་པའི་འབྲས་བྱུང་སྟེ་སྨན་རམ་ཚོད་ལྟ་འདེབས་འཛུགས་ལམ་དུ་ལྷོངས་ནས་ཞིང་མུའུ་རེ་ལ་རྒྱ་མ6000བྱུང་བ་རེད།


 འབབ་འཕར་ཐབས་ལམ་བཏོད་དེ་ཡུལ་མི་ཕྱུག་ལམ་དུ་ཁྲིད་པའི་སྣེ་ཁྲིད་པར་གྱུར།

        ཝང་ཡུས་ལེང་གིས་སྤོབས་སེམས་ཆེན་པོའི་ངང་ནས་ང་ལ་དཔལ་འབྱོར་ཕན་འབྲས་ཡག་པོ་ཐོབ་པར་མཐོང་རྗེས་གྲོང་སྡེའི་དུད་ཚང་གཞན་དག་ལ་ཆེད་དུ་དྲན་སྐུལ་དང་ཁྲིད་སྟོན་སློབ་གསོ་བྱེད་མི་དགོས་པར་ཚང་མས་མ་བསྐུལ་དང་ལེན་གྱིས་རང་གི་ཁང་པའི་མཐའ་སྐོར་དུ་སྨན་རམ་འཛུགས་འགོ་བཙུགས་ཡོད། ངས་ཀྱང་སྨན་རམ་འདེབས་འཛུགས་ཀྱི་ཤེས་བྱ་དང་ལག་རྩལ། ཉམས་མྱོང་བཅས་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་སྐུང་པར་ཁོ་ཚོར་བཤད་པ་ཡིན་ཞེས་བཤད། ཚོད་ལྟ་འདེབས་འཛུགས་ཀྱི་བརྒྱུད་རིམ་ཁྲོད་དུ་ཝང་ཡུས་ལེང་གིས་སྨན་རམ་ནི་ནགས་གསེང་རླན་གཤེར་ཡོད་སར་སྐྱེ་དགའ་བའི་ཆོས་ཉིད་མཐོང་ནས། སྨན་རམ་གྱི་ཞིང་དུ་གཡེར་མ་འཛུགས་པའི་བསམ་ཚུལ་བྱུང་བ་རེད། དེ་ནས་བསམ་ཚུལ་དེ་བྱུང་མ་ཐག་ཁོས་དེ་མུར་ལག་ལེན་བསྟར་ཏེ་སྨན་རམ་ཞིང་དུ་གཡེར་མ་བཙུགས་པས་ལོ་འགའ་སོང་རྗེས་ལོ་རེའི་ཡོང་འབབ་དེ་སྔོན་གྱི་རྨང་གཞིའི་ཐོག་སྒོར་ཁྲི2ལྷག་འཕར་ཐུབ་ཡོད།

        གྲོང་སྡེའི་འགན་ལེན་ལས་བྱེད་པ་ལི་པིང་གིས་ད་ལྟ་སྨན་རམ་འདེབས་འཛུགས་ཐོན་ལས་དེ་གྲོང་སྡེ་ཡོངས་ལ་ཁེབས་ཡོད། ས་མུའུ་ཁྱོན་བསྡོམས་60ལྷག་ཡོད། ཡུལ་མི་ཚོས་ཕྱོགས་གཅིག་ནས་སྨན་རམ་གྱི་མྱུག་སོན་འཚོང་ཆོག་ལ། ཕྱོགས་གཅིག་ནས་སྨན་རམ་སྨིན་ཟིན་རྗེས་སྨན་རྫས་སུ་སྤྱོད་ཡས་ཀྱང་འཚོང་ཆོག། དེའི་ཐོག་ལ་གཡེར་མའི་ཡོང་འབབ་བསྣན་པ་ཡིན་ན་ས་མུའུ་རེའི་ཡོང་འབབ་ནི་ཧ་ལམ་སྒོར་ཁྲི6ཡས་མས་ལ་ཟིན་ཐུབ་རྒྱུ་རེད། དེ་མིན་སྨན་རམ་གྱི་མེ་ཏོག་ནི་དམར་སྨུག་ཡིན་ཞིང་། མེ་ཏོག་ཡོངས་སུ་བཞད་པའི་ཚེ་གྲོང་སྡེ་ཡོངས་ནི་སྨུག་མདོག་གི་ཞིང་ཁམས་སུ་གྱུར་ནས་ལྟད་མོ་མིག་གི་བསོད་ནམས་ཀྱི་བགོ་སྐལ་དུ་འབབ། མེ་ཏོག་འཆར་ཡུན་ཡང་ཟླ་བ་གཉིས་ཀྱི་རིང་ལ་ཡོད། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་གླིང་ག་དཀར་མཛེས་ཁུལ་གྱི་དུམ་མཚམས་སྐྲུན་པའི་གོ་སྐབས་དང་བསྟུན་ནས། འགྲུལ་བ་མང་པོ་བསླེབ་པའི་ཚེ་ང་ཚོའི་གྲོང་སྡེ་ཡང་ཡུལ་སྐོར་བྱ་ཡུལ་བཟང་པོ་ཞིག་ཏུ་འགྱུར་སྲིད་ཀྱི་རེད་ཅེས་བཤད་པ་རེད། ལི་པིང་གི་གཏམ་མཇུག་ལས་འབྱུང་འགྱུར་སྐྱིད་ཐང་གྲོང་སྡེས་ཡུལ་སྐོར་སྤྲོ་གསེང་ཐོན་ལས་དར་སྤེལ་བྱ་རྩིས་ཡོད་པ་ཤུགས་སུ་ཤེས་ཐུབ།

        ཝང་ཡུས་ལེང་ཆུང་དུས་ནས་ཕ་མ་གཉིས་སྔ་ཕྱིར་མི་ཡུལ་འདི་ལས་ཁ་བྲལ་བ་རེད། ཝང་ཡུས་ལེང་ལོ་ན22ལ་སོན་དུས་ཁྱིམ་ཐབ་གསར་དུ་བཙུགས་པ་དང་། སྐབས་དེར་འགྲིམ་འགྲུལ་སྟབས་མི་བདེ་ལ་ཆ་འཕྲིན་ཡང་དཀོན་པའི་གནས་སུ་ལྷུང་ཡོད། གྲོང་སྡེའི་ཡུལ་མི་གཞན་དང་འདྲ་བར་ཝང་ཡུས་ལེང་ཁྱིམ་མི་ཚོས་ཀྱང་མ་རྨོས་ལོ་ཏོག་བཙུགས་པ་དང་སྨན་རྩྭ་བརྐོས་པའི་ཡོང་འབབ་ལ་བརྟེན་ནས་འཚོ་ཚིས་བྱས་པ་ལས་ཐབས་ལམ་གཞན་འཚོལ་ཐུབ་མེད་པས་འཚོ་བ་ཞན་པ་ཡིན་པ་ནི་སྨོས་མ་དགོས་པ་རེད། ད་ལྟ་ས་ཞིང་དུ་སྨན་རམ་སོགས་བཙུགས་ནས་རེ་བའི་འབྲས་བུ་སྨིན་ཡོད་པས་ཝང་ཡུས་ལེང་གིས་ད་ལྟའི་འཚོ་བ་འདི་འདྲ་སྔར་དང་བསྡུར་ན་དྲན་པའི་ཡུལ་དུ་ཡང་བསམ་ག་ལ་ཐུབ་ཅེས་བཤད། ཝང་ཡུས་ལེང་བཟའ་ཚང་གཉིས་ཀྱིས་ཞོགས་སྔར་ལངས་དང་ནུབ་ཕྱིར་ཉལ་གྱིས་སྨན་རམ་དང་གཡེར་མ་ལ་བདག་གཉེར་གང་ལེགས་བྱེད་སྒང་ཡོད། ཕྲུ་གུ་གཉིས་ཡོད་པ་ཆེ་བ་ད་ལྟ་སློབ་གྲྭ་ཆེན་མོར་འགྲོ་བཞིན་ཡོད་པ་དང་ཆུང་བ་དེ་སློབ་ཆུང་དུ་ཡི་གེ་འདོན་བཞིན་ཡོད།

        2014ལོར་སྲིད་གཞུང་གིས་བཞི་པའི་ཚེས20ཉིན་ཡོང་བའི་ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཁང་པ་བསྐྱར་འཛུགས་ཀྱི་ཁ་གསབ་མ་དངུལ་སྤྲད་བྱུང་། སྐབས་དེ་དང་བསྟུན་ནས་ངེད་ཚང་གིས་ཀྱང་ཁང་པ་གསར་པ་བསྐྲུན་པ་ཡིན། དེའི་རྗེས་སུ་དབུལ་ཐར་འགག་སྒྲོལ་གྱི་སྲིད་བཟང་ཡག་པོ་མང་པོ་བཏོན་ཡོད། ང་རང་གིས་སྨན་རམ་ཚོད་ལྟ་འདེབས་འཛུགས་བྱེད་པའི་སྐབས་སུ་འབྲེལ་ཡོད་སྡེ་ཚན་གྱིས་ང་རང་ལ་དཔེ་སྟོན་དུད་ཚང་གི་ཁ་གསབ་རོགས་དངུལ་སྒོར5000ཡང་སྤྲད་བྱུང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་སྐུལ་མ་བྱས་འོག། ང་རང་ལ་སྤོབས་སེམས་སྔར་ལས་ཆེ་བ་སྐྱེད་སོང་། ངས་རྒྱུན་དུ་ཡུལ་མི་ཚོ་ལ་རང་ཉིད་ཧུར་པོ་བྱས་པའི་རྨང་གཞིའི་ཐོག་བསམ་གཞིག་བྱེད་མཁས་པོ་ཡིན་ན། སྐྱིད་ཉི་མ་འདྲ་བ་འཆར་རྒྱུ་ནི་ཐེ་ཚོམ་དགོས་ཀྱི་མི་འདུག་ཅེས་བཤད་པ་ཡིན། བདེ་སྐྱིད་ནི་རང་གི་ལག་ཟུང་ལ་བརྟེན་ནས་བྱུང་བ་རེད་ཅེས་པའི་གཏམ་དེ་ལས་བདེན་པ་ཞིག་གང་དུ་ཡོད་ཅེས་ཝང་ཡུས་ལེང་གིས་སྤོབས་པ་ཆེན་པོས་དེ་ལྟར་བཤད་པ་རེད།

        སྐྱིད་ཐང་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཁྲང་ཆང་གིས་མཐེ་མོ་བསྒྲེངས་ནས་ཝང་ཡུས་ལེང་ནི་རིག་པ་གྲུང་པོ་ཡིན་པའི་ཐོག་དྲན་ཕོད་ལ་ལས་ཀྱང་ཕོད་མཁན་ཞིག་ཡིན། ད་ལོ་ཡང་ཁོས་ཡུལ་མི་ཁ་ཤས་དང་མཉམ་དུ་མེ་ཏོག་ཏུའུ་སོན་ལེན་ཚོད་ལྟ་འདེབས་འཛུགས་བྱ་རྒྱུའི་འཆར་གཞི་འཇོག་གི་འདུག། མེ་ཏོག་དེའི་ཁྲོམ་རའི་རིན་གོང་ཡང་མི་དམན་པ་ཡིན་པའི་རྣ་ཚོར་བྱུང་། ཁོ་ཚོས་ཚོད་ལྟ་འདེབས་འཛུགས་ལམ་ལྷོང་བྱུང་རྗེས་ཡུལ་མི་ཚོ་དེའི་རྗེས་སུ་འབྲངས་ནས་ཡོང་འབབ་འཕར་ཐབས་ལ་འབད་ངེས་ཡིན་ཞེས་བཤད།

        མེ་ཏོག་ཏུའུ་སོན་ལེན་གྱི་རྩ་བ་སྨན་དུ་སྤྱོད་ཆོག་པ་དང་། མེ་ཏོག་མཛེས་ཤིང་ཁྱད་ཆོས་ཐུན་མིན་ཡོད་པས་ལྟད་མོའི་རིན་ཐང་ཆེན་པོ་ཡོད། ངས་ཚོད་ལྟ་ཞིག་བྱ་འདོད་ཡོད། གལ་ཏེ་ལམ་ལྷོང་བྱུང་སོང་ན་ངེད་གྲོང་སྡེ་ལ་ཡང་ཕྱུག་ཐབས་གསར་པ་ཞིག་རྙེད་པ་མ་ཡིན་ནམ་ཞེས་ཝང་ཡུས་ལེང་གིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།

        དཀའ་ངལ་དང་འགྲན་སློང་གི་མདུན་དུ་ཝང་ཡུས་ལེང་ལ་ཀུན་གྱི་སྔོན་དུ་སྐྱོད་པ་དང་འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་ཉམས་པ་མེད་པ་ཞིག་ཡོད་ཅིང་། དེ་ལ་བརྟེན་ནས་ཁོ་རང་ཡང་ཡུལ་མི་ཚོ་ཕྱུག་ལམ་དུ་ཁྲིད་མཁན་གྱི་སྣེ་ཁྲིད་པ་བཟང་པོ་ཞིག་ཏུ་གྱུར་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1