སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གང་བྱེད་དགོས་ཀྱང་རིག་གནས་ཀྱི་གྲུབ་ཆ་ངེས་ཅན་ཞིག་དང་ཁ་འབྲལ་ཐབས་མེད་ལ། རིག་གནས་དེ་དག་ཀྱང་སྐད་ཡིག་གི་ལག་ཆར་བརྟེན་ནས་ཤེས་རྟོགས་དང་། རྒྱུན་འཛིན། འཕེལ་རྒྱལ་བཅས་གཏོང་དགོས་པ་ཡིན། དེས་ན་སྐད་ཡིག་བསླབ་ཚན་སློབ་སྦྱོང་དང་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། སྐད་ཡིག་དང་རིག་གནས་དབར་གྱི་འབྲེལ་བར་ངོས་འཛིན་ཁ་གསལ་ཡོང་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་ཡང་《སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི》ནང་། “ལག་ཆའི་རང་བཞིན་དང་མིའི་རིགས་རིག་གནས་ཀྱི་རང་བཞིན་གཉིས་གཞི་གཅིག་ཏུ་གྲུབ་པ་ནི་སྐད་ཡིག་བསླབ་ཚན་གྱི་རྩ་བའི་ཁྱད་ཆོས་ཡིན” ཞེས་གསལ་བ་ལྟར། སྐད་ཡིག་ནི་འབྲེལ་འདྲིས་ཀྱི་ལག་ཆ་དང་། བསམ་གཞིག་གི་ལག་ཆ། རིག་གནས་བརྒྱུད་སྤེལ་ཀྱི་ལག་ཆ་བཅས་ཡིན་ལ། སློབ་སྦྱོང་དང་ལས་དོན་སྒྲུབ་པའི་རྨང་གཞིའི་ལག་ཆའང་ཡིན་པས། སྐད་ཡིག་གི་བྱང་ཚད་མཐོ་དམན་དེ་ཐོག་མར་སྐད་ཡིག་གི་ལག་ཆའི་རང་བཞིན་ཁོང་དུ་ཆུད་མིན་ལ་རག་ལས་པ་རེད། དེའི་ཕྱིར་ང་ཚོས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་ཐུབ་པ་བྱེད་དགོས། དེ་ལྟར་མིན་པར་ཕྱོགས་རེ་བའི་ལྟ་ཚུལ་ཐོག་ནས་བསམ་བློའི་རང་བཞིན་ནམ་རིག་གནས་ཀྱི་རང་བཞིན་ཁོ་ན་གཙིགས་སུ་བཟུང་ནས་སྐད་ཡིག་གི་ལག་ཆའི་རང་བཞིན་ལ་སྣང་ཆུང་དང་ལྷོད་གཡེང་ཤོར་ཚེ། སྐད་ཡིག་གི་རྨང་གཞིའི་རང་བཞིན་ལ་འགོག་རྐྱེན་ཕྲད་དེ་སྐད་ཡིག་སློབ་གསོའི་དམིགས་ཡུལ་འགྲུབ་མི་ཐུབ་བོ། མི་རིགས་གང་ཞིག་ཡིན་རུང་དེའི་སྐད་ཡིན་ནི་བརྡ་རྟགས་ཀྱི་མ་ལག་གམ་འབྲེལ་འདྲིས་ཀྱི་ལག་ཆ་ཁོ་ན་ཙམ་མ་ཡིན་པར་སྐད་ཡིག་ནང་དུ་རྒྱལ་ཁབ་བམ་མི་རིགས་གང་དེའི་དད་མོས་དང་། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། དམངས་སྲོལ་སོགས་རིག་གནས་ཀྱི་ངོས་ཐམས་ཅད་སིམ་ནས་ཡོད་ལ། རིག་གནས་དེ་དག་ཀྱང་སྐད་ཡིག་ལ་བརྟེན་ནས་ཕ་ཚ་བུ་བརྒྱུད་ཀྱིས་བརྒྱུད་སྤེལ་བྱེད་བཞིན་ཡོད། མི་རིགས་གང་ཞིག་ཡིན་རུང་དེའི་སྐད་ཡིག་ལ་མི་རིགས་དེའི་བསམ་བློའི་རྨང་གཞི་དང་མི་རིགས་ཀྱི་འདུ་ཤེས་གཏིང་ཟབ་ཅིག་ཡོད་པས། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན། སྐད་ཡིག་སློབ་སྦྱོང་བྱེད་སྐབས། ལག་ཆའི་རང་བཞིན་ཁོ་ན་གཙིགས་སུ་བཟུང་བ་ལས་སྐད་ཡིག་དེའི་སྟེང་དུ་ཆགས་པའི་རིག་གནས་ལ་སྣང་ཆུང་ཤོར་ཚེ་སྐད་ཡིག་དེ་ཡང་ཡག་པོ་ཞིག་ཤེས་ཐབས་བྲལ། དེས་ན་སྐད་ཡིག་གང་ཞིག་སྦྱོང་དགོས་ཀྱང་ངེས་པར་དུ་སྐད་གང་དེའི་ཚབ་མཚོན་དུ་གྱུར་པའམ་སྐད་གང་དེའི་ནང་དུ་སིམ་ནས་ཡོད་པའི་རིག་གནས་ལ་སློབ་སྦྱོང་བྱེད་དགོས། མདོར་ན། སྐད་ཡིག་ལ་ལག་ཆའི་རང་བཞིན་དང་མིའི་རིགས་རིག་གནས་ཀྱི་རང་བཞིན་གཉིས་འོ་ཆུ་བཞིན་དུ་འདྲེས་ཡོད་པས། ང་ཚོས་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁག་ལ་སློབ་སྦྱོང་བྱེད་བྱེད་པ་སྦྲགས་སྐད་ཡིག་དེའི་ནང་དུ་སིམ་ཞིང་གནས་པའི་རིག་གནས་ལ་ཡང་སློབ་སྦྱོང་གང་ལེགས་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་ང་ཚོའི་སྐད་ཡིག་གི་ཡོན་ཚད་སྔར་བས་ཇེ་མཐོར་གཏོང་ཐུབ་ལ། སྐད་ཡིག་བེད་སྤྱོད་ཀྱི་ནུས་པ་དང་། མཛེས་བཅོས་ཀྱི་ནུས་པ། འཚོལ་དཔྱད་ཀྱི་ནུས་པ་བཅས་ཀྱང་ཅུང་ལེགས་པོ་ཞིག་འབྱོར་ཐུབ་པ་མ་ཟད། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ལེགས་པོ་ཞིག་ཀྱང་ཆགས་ཐུབ་པ་བྱུང་ནས། སྐད་ཡིག་སློབ་སྦྱོང་གི་དམིགས་ཡུལ་ཡོངས་སུ་གྲུབ་ངེས་ཡིན་ནོ།