ཚེས་13ཉིན། སྡེ་དགེ་རྫོང་སྟག་དགོན་ཡུལ་ཤོག་གི་གྲོང་ཚོ་བཞིའི་མི་རྟ་རྣམས་མཚོ་འཕགས་སྨི་4200ལྷག་ཡོད་པའི་དིང་ཁོག་གི་ཐོག་འུར་བར་མ་རུ་འཛོམས་ནས་འཛམ་གླིང་སྤྱི་བསང་གི་སྲོལ་རྒྱུན་དུས་ཆེན་ལ་རོལ།
དུས་ཆེན་འདི་ནི་ས་གནས་དེ་གའི་དམངས་ཁྲོད་ཀྱི་དུས་ཆེན་གལ་ཆེ་ཤོས་ཤིག་ཡིན་ཞིང་། དུད་ཚང་རེའི་ནང་ནས་སྐྱེས་པ་རེས་རྟ་རེ་ཞོན་མེད་མཁན་ཕལ་ཆེར་མེད། སྔོན་གྱི་སྲོལ་རྒྱུན་ལྟར་བླ་མ་རྣམས་ཀྱིས་གསང་མཆོད་ཀྱི་ཆོ་ག་སྒྲུབ་པ་དང་། སྐྱེས་པ་རྣམས་ཀྱིས་རྟ་སྒ་ཆས་དང་རྒྱན་ཆ་ལུགས་སྲོལ་རྒྱུན་ལྟར་སྤྲས་ནས་བསང་མཆོད་ཀྱི་བྱ་འགུལ་ནང་ཞུགས་ཤིང་། སྔོན་གྱི་དཔོན་བློན་གྱི་བརྒྱུད་པས་མདའ་དར་དང་མདུང་དར་འཛིན་ནས་བསང་སྐོར་གྱི་སྣེ་ཁྲིད་བཞིན་ཡོད། ད་དུང་བོད་ཚེས་14ཡི་དགོང་མོར་གཡག་རྭ་དགྲ་མནན་ཞེས་པའི་སྲོལ་རྒྱུན་གྱི་ཆོ་ག་ཞིག་ཀྱང་ད་བར་རྒྱུན་མ་ཆད་པར་སྤེལ་སྲོལ་འདུག །སྐབས་དེ་དང་བསྟུན་ནས་ཡུལ་མི་རྒན་གྲས་དང་། གྲོང་ཚོའི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། ཁྲིམས་ལུགས། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་མཐུན་སྒྲིལ་སྐོར་དང་། གྲོང་སྡེའི་འཕེལ་རྒྱས་དང་འཛུགས་སྐྲུན་གཏོང་སྟངས་སྐོར་ལ་གསལ་བཤད་བྱེད་བཞིན་ཡོད། །