《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་བཞི་པ་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་ ནན་ཏན་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ རྩ་འཛུགས་པུའུ་ཡི་བརྡ་ཐོ》བརྒྱུད་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15




    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་བཞི་པ་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྡ་ཐོ》བརྒྱུད་སྤེལ་བྱས་པ་མ་ཟད། བརྡ་ཐོ་བཏང་སྟེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནས་གསུམ་པའི་བར་དཔེ་སྐྲུན་བྱས་ཚུན། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་མི་དམངས་ཀྱི་འབད་འཐབ་ལག་ལེན་ལ་སྐུལ་སྤེལ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོ་རྒྱུས་ལོན་རྒྱུར“བསམ་བློའི་སྐར་ཁུང”གལ་ཆེན་ཞིག་ཀྱང་ཕྱེ་ནས་ཀྲུང་གོའི་གཟུགས་བརྙན་ནུས་ལྡན་མངོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་དཔེ་སྐྲུན་བྱས་ནས་ལོ་གཉིས་ལྷག་ཙམ་སོང་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་གནང་སྟེ་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་གཏོད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་ཀྱིས། ཐོག་མའི་གསར་རྩོམ་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་སླར་ཡང་བཏོན་ནས། ཀྲུང་གོའི་གནད་དོན་དང་། འཛམ་གླིང་གི་གནད་དོན། མི་དམངས་ཀྱི་གནད་དོན། དུས་རབས་ཀྱི་གནད་དོན་བཅས་ལ་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་པ་རེད།

     ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དྲིལ་བསྒྲགས་པུས(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང)ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་ཕྱིའི་སྐད་ཡིག་ཅུས་བཅས་དང་མཉམ་དུ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་2ཚེས་3ཉིན་ནས་2022ལོའི་ཟླ་5ཚེས་10ཉིན་བར་གྱི་གསུང་བཤད་དང་། གླེང་མོལ། གཏམ་བཤད། ཤིས་ཚིག མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཁག་109འདུས་ཡོད་པ་དང་ཆེད་དོན་21ཏུ་དབྱེ་ཡོད་པ་རེད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་ཐོན་པ་དང་འཛམ་གླིང་ཡོ་ལངས་དང་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་པའི་རྙོག་འཛིང་གི་རྣམ་པ་དང་། འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་གི་མདུན་དུ་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པའི་ལག་ལེན་རླབས་པོ་ཆེ་ལས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་གསར་ཤོས་ཕུལ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་མཚོན་པའི་དབང་གྲགས་ལྡན་པའི་བརྩམས་ཆོས་ཤིག་རེད།

     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་མཐུན་སྒྲིལ་འབད་འཐབ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོངས་པ་གལ་ཆེན་དེའི་འཕེལ་རྒྱས་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་ཡོང་བར་རོགས་རམ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་སྔོན་ཆད་ལེགས་གྲུབ་ཡོང་དོན་དང་། འབྱུང་འགྱུར་ཇི་ལྟར་བྱས་ནས་མུ་མཐུད་ལེགས་སྒྲུབ་ཡོང་མིན་ཐད་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ། ཀྲུང་གོའི་ལམ་བུ་དང་། ཀྲུང་གོ་བཅོས་སྐྱོང་། ཀྲུང་གོའི་གནད་ལུགས་བཅས་ལ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་སློབ་སྦྱོང་ནན་ཏན་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཧ་ཅང་གལ་ཆེན་ཞིག་རེད།

རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་དེབ་དང་པོ་གཉིས་པ་གསུམ་པ་དང་འདྲ་བར་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ལྷག་བསམ་ཟོལ་མེད་དང་སྙིང་རུས་གཏན་འཁྱོངས་དང་། ཡིད་ཆེས་བརྟན་པོ་དང་དད་གུས་ཆེན་པོ་དངོས་འབྲེལ་སླེབས་པར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་སློབ་སྦྱོང་གི་འཆར་གཞིར་བཅུག་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ལས་ཀའི་བྱ་ཐབས་དང་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ལས་བྱེད་པའི་སློབ་གླིང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་དང་། མཐོ་སློབ་ཁག་གིས་དེ་བསམ་བློ་ཆབ་སྲིད་སློབ་གསོའི་བསླབ་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་པ། རིམ་ཁག་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པ་དང་དེ་བཞིན་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་ལས་སྟེགས་བཅས་ཀྱིས་གསར་གཏོད་ལྡན་པའི་ངང་དམིགས་ས་ཡོད་པ་དང་ཚོགས་རིགས་དབྱེ་ནས་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱས་ཏེ་ཡིད་དབང་འགུག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་མཐའ་འཁྱོངས་བྱས་ཏེ། སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཁག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ལེགས་པའི་སྒོ་ནས་སྤྱད་དེ་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གནང་བའི་ལས་འགན་ཁག་དོན་འཁྱོལ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1