༄༅། །ཁྱོད་ཀྱིས་སྣང་མེད་དུ་བཞག་པའི་ན་ཟུག་འདི་དག་གིས་སྲོག་ལ་གནོད་ཀྱང་སྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


        སྙིང་རྩ་འགགས་པ་ཞེས་གླེང་ཡོང་དུས། མི་མང་པོའི་བློ་ངོར་ཤར་བ་ནི་བྲང་ཁར་ན་ཟུག་ལངས་པ་དེ་ཡིན། དོན་དངོས་སུ། སྙིང་རྩ་འགགས་པའི་ནད་རྟགས་ནི་དེ་ཁོ་ན་ཙམ་མིན་པར། ལུས་ཀྱི་དབང་བོ་གཞན་པར་ཡང་ན་ཟུག་ལངས་པ་ཡིན།

 

 གཅིག སྙིང་རྩ་འགགས་པ་ཞེས་པ་ཅི་ཡིན་ནམ།

         སྙིང་རྩའི་ཁྲག་ནི་པྲོག་དབྱིབས་འཕར་རྩས་འདོན་སྤྲོད་བྱེད་པ་དང་། པྲོག་དབྱིབས་འཕར་རྩས་ཁྲག་འདོན་སྤྲོད་བྱེད་ཚད་གློ་བུར་དུ་ཇེ་ཉུང་ལ་བཏང་བའམ་ཡང་ན་མཚམས་བཞག་ཚེ། སྙིང་རྩར་ཁྲག་མི་འདང་བ་དང་དབྱང་རླུང་དཀོན་པའི་གནས་ཚུལ་འབྱུང་ཞིང་། དེ་ལྟར་དུས་ཡུན་རིང་པོ་ལ་ཁྲག་དང་དབྱང་རླུང་མ་འདང་ན། སྙིང་རྩ་འགགས་པ་ཡིན།

         དཔེར་མཚོན་རང་བཞིན་གྱི་སྙིང་རྩ་འགགས་པའི་ནད་རྟགས་ལ། གློ་བུར་དུ་བྲང་ཁར་ན་ཟུག་དྲག་པོ་ལངས་ཤིང་དུས་ཡུན་ཅུང་རིང་བ་དང་། དེའི་ཞོར་དུ་ཞེན་ཁ་ལོག་པ་དང་སེམས་བདེ་ལ་འབབ་མི་ཐུབ་པ། རྔུལ་ཆུ་བཞུར་བ། འཆི་ཉེན་ཆེ་བ་ལྟ་བུ་སོགས་ཡོད།

         དཔེར་མཚོན་རང་བཞིན་མ་ཡིན་པའི་སྙིང་རྩ་འགགས་པའི་ནད་རྟགས་ནི་སྙིང་དང་འབྲེལ་བ་མེད་ཅིང་། དངོས་བཅོས་ཀྱི་སྐབས་ཀྱང་ནད་རྟགས་མངོན་གསལ་མིན་པས། སྣང་མེད་དུ་འཇོག་སླ་བ་ཡིན།

 

 གཉིས། དཔེར་མཚོན་རང་བཞིན་མ་ཡིན་པའི་སྙིང་རྩ་འགགས་པ་ལ་ནད་རྟགས་གང་དག་ཡོད་དམ།

         ནད་རྟགས་མངོན་གསལ་མིན་པའི་དབང་གིས། དཔེར་མཚོན་རང་བཞིན་མ་ཡིན་པའི་སྙིང་རྩ་འགགས་པ་ལ་ངེས་གཏན་གྱི་ནད་རྟགས་ཤིག་མེད། ཡིན་ནའང་། ཕྱོགས་བསྡུས་བྱས་ན་གཤམ་གྱི་འདི་དག་ཡོད།

 ཀ མིད་པ་ན་བ།

         རྒྱུ་རྐྱེན་གསལ་པོ་མེད་པར་མིད་པ་ན་བ་ཡིན་ན། ནད་པས“ཆམ་པ”བྱུང་བ་ལས་བསྐྱེད་པར་འདོད། ཡིན་ནའང་། གལ་ཏེ་མིད་པ་ན་བའི་ཞོར་ལ་དབུགས་འཚང་བ་དང་རྒྱུན་དུ་འགུལ་སྐྱོད་བྱས་རྗེས་སྙིང་འཕར་བ་ཡིན་ན། མཉམ་འཇོག་ནན་མོ་བྱ་དགོས།

 

 ཁ སོ་ན་བ།

         དངོས་བཅོས་ཀྱི་སྐབས། འདི་ནི་སྙིང་ལས་བསྐྱེད་པའི་སོ་ན་བ་ཡིན་པར་འདོད་ཅིང་། དེར་སོ་ན་ཡུལ་གང་ཡིན་མི་གསལ་བའི་ཁྱད་ཆོས་ཡོད།

 ག རྐང་ལག་ན་བ་དང་སྦྲིད་པ།

         རྒྱུན་པར་ཁྲག་མི་འདང་བ་ལས་རྐང་ལག་ན་བ་དང་སྦྲིད་པ་སོགས་འབྱུང་། ཡིན་ནའང་། རྐང་ལག་སྦྲིད་པ་ནི་དབང་རྩ་ལ་འབྲེལ་བ་ཡོད་པས། དཔུང་བ་གཡོན་མའི་ནང་ལོགས་དང་གཡོན་ལག་སྦྲིད་ཚེ་ལྷག་ཏུ་གཟབ་དགོས།

 ང ཕོ་རྒྱུའི་ནད་རྟགས།

         ཞེན་ཁ་ལོག་པ་དང་ཕོ་བར་སྐྱུར་ལངས་པ། ཡི་ག་ཆད་པ། ཕོ་བ་ན་བ། གསུས་པར་ན་ཟུག་ལངས་པ་སོགས་ཀྱང་དཔེར་མཚོན་རང་བཞིན་མ་ཡིན་པའི་སྙིང་རྩ་འགགས་པའི་སྔོན་བརྡ་ཡིན་སྲིད་པས། མི་མང་པོས་ནད་རྟགས་འདི་འདྲ་བྱུང་དུས། སྣང་མེད་དུ་བཞག་ནས་ཆེས་ལེགས་པའི་སྨན་བཅོས་དུས་ཚོད་ཤོར་དུ་འཇུག་པ་ཡིན།


 གསུམ། སྙིང་རྩ་འགགས་པ་ལ་སྔོན་འགོག་ཇི་ལྟར་བྱེད་དམ།

         སྙིང་རྩ་འགགས་པ་ལ་འབྱུང་རྐྱེན་མང་པོ་ཡོད། ཡིན་ནའང་། རྒྱུན་དུ་བདེ་ཐང་དོ་དམ་སྟེ། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པ་དང་། ངལ་གསོ་དུས་ཚོད་ལ་གོ་རིམ་ཡོད་པ། བདེ་ཐང་གི་བཟའ་བཏུང་སྤྱོད་པ། སེམས་ལྷོད་ལ་འབབ་པ། ཉིན་རེ་ལ་འགུལ་སྐྱོད་ཉུང་ཙམ་བྱེད་པ་སོགས་ལེགས་པོར་བསྒྲུབས་ན། དེ་ཉིད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1