ནག་ཆུའི་མཚོ་གཉིས་རྫོང་གི་འབྲོག་པ་ཁྱིམ་གཞིས་གསར་པར་སྤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-22



          རི་ལུང་མང་པོ་བརྒལ་བ་དང་སྔོ་ཞིང་དྭངས་པའི་མཚོ་མོ་བསྐོར་ཏེ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཀྱག་ཀྱོག་གི་ས་མཐོའི་གཞུང་ལམ་དུ་སྐྱོད་བཞིན་ཡོད། 

          འདི་ནི་སྤྱིར་བཏང་མིན་པའི་ཉིན་མོ་ཞིག་རེད།  ཟླ7པའི་ཚེས19ཉིན་བོད་ལྗོངས་ཀྱིས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ས་བབ་མཐོ་སའི་འབྲོག་པའི་སྐྱེ་ཁམས་གནས་སྤོ་ཁག་གཉིས་པ་ལག་བསྟར་བྱས་ནས་འབྲོག་པ་ཁག་ཅིག་ས་ཐག་རིང་ཞིང་གྲང་ངར་ཆེ་བའི་བྱང་ཐང་དང་ཁ་བྲལ་ཏེ་ཡར་ཀླུང་གཙང་པོའི་ངོགས་ཀྱི་ཁྱིམ་གཞིས་གསར་པར་སྤོས། 

           མིའི་རིགས་ཀྱི་ལོ་རྒྱུས་སུ་གཞི་རྒྱ་ཆེ་བའི་གནས་སྤོ་མང་ཆེ་བ་ནི་འཚོ་བར་འགྱུར་ལྡོག་གཏོང་བའི་ཆེད་རེད།  རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མཚོ་གཉིས་རྫོང་གི་གནས་སྤོའང་དེ་ལས་མ་འདས། 

           ཞོགས་པའི་ཆུ་ཚོད6དང་སྐར་མ30ཙམ་ལ་སྐྱ་མདའ་བཏང་མ་ཐག་ཡིན་ཡང་མཚོ་གཉིས་རྫོང་སྟོད་མ་ཤང་གི་གཞུང་ལམ་འགྲམ་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།  འབྲོག་པ་ཚོས་རྡོག་ཁྲེས་མང་པོ་ཁྱེར་ནས་རྒན་སྐྱོར་གཞོན་འཁྲིད་ཀྱིས་གོམ་སྟབས་མགྱོགས་པོའི་ངང་འགྲུལ་སྐྱེལ་རླངས་འཁོར་དུ་འཛུལ་གྱིན་འདུག


 

         “མི་རབས་གཅིག་གནས་སྤོས་ཏེ་མི་རབས་མང་པོར་བདེ་སྐྱིད་བསྐྲུན”ཞེས་པ་དང་།  “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན།” “མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་སྲུང”ཞེས་པ་སོགས་འགྲུལ་སྐྱེལ་རླངས་འཁོར་གྱི་ཐོག་ཏུ་བཀལ་བའི་སྦྱར་ཡིག་རེ་རེ་ལས་ཐེངས་འདིའི་གནས་སྤོའི་དོན་སྙིང་མཚོན། 

            ལོ73ལ་སླེབས་པའི་བུ་ཆུང་ལ་གྲུམ་བུའི་ནད་ཕོག་ཡོད་པ་དང་ཁོང་གིས“ངས་འཚོ་བ་གསར་པ་བསྐྱལ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།  དེ་གར་ས་བབ་དམའ་བ་དང་གནམ་གཤིས་ཀྱང་དྲོ་བས་གྲུམ་བུའི་ནད་ལ་ཕན་པ་ཆེན་པོ་ཡོད་ངེས་རེད”ཅེས་བཤད། 

          མཚོ་གཉིས་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཕུར་མཚམས་རླངས་འཁོར་རུ་ཁག་གི་རྗེས་སུ་འབྲངས་ནས་གནས་སྤོ་མང་ཚོགས་ལ་སྨན་བཅོས་འགན་ལེན་བྱེད་ཀྱིན་ཡོད།  “མཚོ་གཉིས་ཀྱི་ས་བབ་མཐོ་དྲགས་པས་ཁྲག་ཤེད་མཐོ་བ་དང་།  གྲུམ་བུ།  ལྷན་སྐྱེས་སྙིང་ནད་བཅས་ཕོག་སླ་པོ་ཡོད།  ཁྱིམ་གཞིས་གསར་པར་སྤོས་རྗེས་ནད་དེ་དག་སྔོན་འགོག་དང་སྨན་བཅོས་བྱ་རྒྱུར་ཕན་པ་ཡོད”ཅེས་བཤད། 

           ཞོགས་པའི་ཉི་འོད་ས་གཞིར་ག་ལེ་འཕྲོས་ཤིང་།  རླངས་འཁོར་རུ་ཁག་དལ་གྱིས་ཐག་རིང་དུ་བསྐྱོད་ནས་རྩྭ་ཐང་སླར་ཡང་ལྷིང་འཇགས་སུ་གྱུར། 

           ཁྱིམ་གཞིས་གསར་པ་གནས་སའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རིའི་གྲོང་ཚོ་དང་མཚོ་གཉིས་རྫོང་གི་བར་དུ་སྤྱི་ལེ900ཙམ་ཡོད་པ་དང་།  དེ་གར་ས་བབ་མཐོ་ཚད་སྨི3600ལས་མེད་པས་མཚོ་གཉིས་རྫོང་ལས་སྨི1000ལྷག་ཙམ་གྱིས་དམའ། 

           ལམ་ཐག་རིང་ཡང་སེམས་པ་ཧ་ཅང་སྐྱིད་པོ་ཡོད།  ཁྱིམ་གཞིས་གསར་པར་སྐྱོད་བཞིན་པའི་བྱང་ཐང་གི་འབྲོག་པ་རྣམས་ཀྱིས་འཚོ་བ་གསར་པར་རེ་བ་ཆེན་པོ་འཆང་ཡོད། 

           ལོ27ལ་སླེབས་པའི་ཚེ་རིང་དབྱངས་ཅན་ལ་མངལ་འཁོར་ནས་ཟླ་བརྒྱད་ལྷག་ཙམ་ཟིན་ཡོད་པ་དང་ཁྱིམ་གཞིས་གསར་པའི་ཉེ་འགྲམ་དུ་ཡོད་པའི་སྨན་ཁང་དུ་ཕྲུ་གུ་སྐྱེས་རྩིས་བྱེད་ཀྱིན་ཡོད།  “ས་བབ་མཐོ་སར་ཕྲུ་གུ་སྐྱེས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།  ད་ཆ་ས་བབ་དམའ་བའི་ཁྱིམ་གཞིས་གསར་པར་ཕྲུ་གུ་སྐྱེ་ཐུབ་རྒྱུ་ཡིན་པས་སེམས་ཁྲལ་ཆེན་པོ་མི་འདུག ལམ་བར་དུ་བདེ་འཇགས་ཡོང་ཆེད་སྲིད་གཞུང་གིས་ཆེད་མངགས་མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་བྱས་བྱུང”ཞེས་ཚེ་རིང་དབྱངས་ཅན་གྱིས་བཤད། 

           སྙིང་བཟང་དང་ཕྲུ་གུ་ཚོས་སློབ་སྦྱོང་སྐོར་གླེང་བཞིན་འདུག  ཁོང་གི་བུ་ནོར་བུ་དོན་གྲུབ་སང་ལོ་སྲིན་པོ་རིའི་བུ་བཅོལ་ཁང་དུ་འགྲོ་དགོས་ཀྱི་ཡོད།  “མཚོ་གཉིས་རྫོང་ནི་ས་བབ་མཐོ་ཞིང་།  གནམ་གཤིས་གྲང་བ་དང་ལོ་ཧྲིལ་པོར་ལྷགས་པ་རྒྱག་གི་ཡོད་པས་སྲིན་པོ་རིའི་ཁྱིམ་གསར་དུ་སྤོས་ན་ཕྲུ་གུ་ཚོའི་འཚར་ལོངས་དང་སློབ་སྦྱོང་ལ་ཕན་ཐོགས་ཡོད།  ཕ་ཡུལ་དང་འབྲལ་དགོས་པ་ནི་སེམས་སྐྱོ་བ་ཞིག་ཡིན་མོད།  འོན་ཀྱང་མི་རབས་རྗེས་མའི་ཆེད་དུ་ང་གནས་སྤོ་རྒྱུར་འཐད་པ་ཡོད”ཅེས་སྙིང་བཟང་གིས་ཡིད་ཆེས་བརྟན་པོའི་ངང་བཤད། 

           མཚོ་གཉིས་རྫོང་གི་ས་ཆ་མང་ཆེ་བ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོགས་ཀྱི་ཡོད་པ་དང་།  དེ་གར་གཙོད་དང་།  རྐྱང་།  འབྲོང་བཅས་མང་པོ་ཡོད་ཀྱང་ཁུལ་ཁོངས་ཀྱི་རྩྭ་ར་ལོ་ལྟར་3%ནས་5%བར་ཞན་འགྱུར་དུ་འགྲོ་བཞིན་ཡོད། 

           གྲོང་མི་བསྟན་འཛིན་གྱིས“འདི་གར་ལོ་བཅུ་ཕྲག་ཁ་ཤས་རིང་འཚོ་སྡོད་བྱས་པས་འབྲལ་མི་འདོད་པ་ཞིག་འདུག འོན་ཀྱང་གནས་སྤོས་བྱེད་པ་དེའང་མཚོ་གཉིས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད་ཡིན་པས་དོན་བཟང་ཞིག་རེད”ཅེས་བཤད། 

             ཆུ་ཚོད20ཡོལ་ཙམ་ལ་འགྲུལ་སྐྱེལ་རླངས་འཁོར་རུ་ཁག་སྲིན་པོ་རི་གྲོང་ཚོར་འབྱོར། 

            ས་གནས་དེ་གའི་མང་ཚོགས་ཚོས་དཀར་གཙང་ཁ་བཏགས་ཁྱེར་ནས་དགའ་སྤྲོའི་ཞབས་བྲོ་འཁྲབ་པ་དང་ཕྱེ་མར་བཀྱགས་ནས་རྔ་དང་འཁར་རྔ་བརྡུངས་ཏེ་སྤྲོ་སེམས་འཁོལ་པོས་ཐག་རིང་གི“ཁྱིམ་མཚེས་གསར་པ”ཚོ་ལ་བསུ་བ་ཞུས། 

            ལ་ཁའི་ཉི་འོད་ཡར་ཀླུང་གཙང་པོའི་ངོས་སུ་འཕྱོ་ཞིང་།  རྒྱང་རིང་གི་རི་རྒྱུད་མཚམས་སྤྲིན་འོག་འོད་མདངས་རྣམ་པར་བཀྲ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1