ཞང་ཞུང་ཡི་གེའི་བྱུང་ཁུངས་དངོས་ནི་ད་ལྟ་བོན་གྱི་དཔེ་གཞུང་ཁག་ཏུ་གསལ་བའི་སྤུངས་ སོའི་ཡི་གེའམ་ཚིག་བསྡུས་ན་སྤུངས་ཡིག་ཅེས་པ་དེ་ཡིན། སྤུངས་སོ①ཞེས་པའི་ཞང་སྐད་དེ་སྟོན་པ་ཞེས་པའི་དོན་ཡིན་ཞིང་། དོན་དུ་ཡི་གེ་དེ་ཉིད་སྟོན་པ་སངས་རྒྱས་གཤེན་རབས་མི་བོས་མཛད་པའི་ཆ་ནས་ཞང་བོད་སྐད་གཉིས་སྦྲགས་མའི་མཚན་ལ་སྤུངས་སོའི་ཡི་གེ་ཞེས་བཏགས་པ་དང་། བོད་སྐད་ཁོ་ནའི་དབང་དུ་བྱས་ན་སྟོན་པའི་ཡི་གེ་ཞེས་པར་གོ་དགོས་པར་ངེས་ལ། ད་ལྟ་ང་ཚོའི་མིག་སྔར་ལག་སོན་བྱུང་བའི་སྤུངས་ཡིག་གི་མ་ཕྱི་རྙིང་ཤོས་ནི། གཉའ་ནང་རྫོང་ཕ་རོང་ཤང་གི་བྱང་ནུབ་མཚམས་ལ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་དུ་བཞེངས་པར་གྲགས་པའི་སྤ་ལ་ཕུག་བདེ་ཆེན་དགོན་པའི་འདུ་ཁང་ཀ་ཞུའི་སྟེང་གི་གདུང་མའི་ངོས་ལ་སྤུངས་ཡིག་ཨ་ཨཱོྃ་ཧཱུཾ་ཞེས་སོགས་གསལ་བོ་བྲིས་ཡོད་པ་དེའོ། །དེ་ལ་བོན་གཞུང་འགའ་ཞིག་གི་ནང་དུ་རྟག་གཟིགས②སྤུངས་ཡིག་ཅེས་མཚན་གྱིས་འབོད་པ་འདི་ནི། སྟོན་པས་སྤུངས་ཡིག་གཏན་ལ་ཕབ་ཡུལ་འོལ་མོ་ལུང་རིང་ཏ་ཟིག་གམ་རྟག་གཟིགས་ཀྱི་མངའ་ཁོངས་སུ་བསྡུས་ནས་དུས་ཡུན་རིང་པོར་འདས་རྗེས། རྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་ཐ་སྙད་བརྗོད་སྲོལ་བྱུང་བའི་དབང་གིས་རྟག་གཟིགས་སྤུངས་ཡིག་ཅེས་བཏགས་ཡོད་པ་ལས། གཞན་པ་གཏན་ཚིགས་ཐུབ་པའི་རྒྱུ་མཚན་ཅུང་ཟད་ཀྱང་མ་མཐོང་ངོ། །
བོན་གྱི་དཔེ་རྙིང་ཁག་དང་སྨྲ་དབང་ཀུན་མཁྱེན་ཉི་མའི་དགོངས་དོན་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་16017དང་། དེང་རབས་ཞིབ་འཇུག་པ་མཁས་དབང་ནམ་མཁའ་ནོར་བུ་དང་ཁོང་གི་རྗེས་འཇུག་རྣམས་ཀྱིས་སྤྱི་ལོའི་སྔོན་གྱི་1917ཤིང་བྱི་ལོར་སྐུ་བལྟམས་པའི་སྤུངས་ཡིག་བྱེད་པོ་སངས་རྒྱས་གཤེན་རབ་མི་བོ་མཆོག གདུལ་བྱ་གཞན་དོན་དུ་ཕྱྭ་ཡུལ་ལ་ཐེངས་གཉིས་པར་ཕེབས་པའི་སྐབས། བདུད་རྗེ་ཁྱབ་པ་ལག་རིང་གིས་དབྱེན་བཅུག་གཡོ་ཐབས་ཀྱིས་བཙུན་མོ་དཔོ་བཟའ་ཐང་མོ་དང་། ཀོང་བཟའ་ཁྲི་ལྕམ་གཉིས་བསླུས་ནས། སངས་པོ་འབུམ་ཁྲིའི་ཐུགས་བཅུད་ལས་བྱུང་བའི་ཡི་གེ་ཡིག་འབྲུ་ཁྲི་འབུམ་ཡོད་པ་དེ་ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་བ་ཉིད། ཐ་རམ་རྒྱ་ཡིས་བཏབ་པའི་གཤེན་རབ་མི་བོ་ཆེའི་བཀའ་སྒྲོམ་ཡང་ཆུང་མེ་ལ་ལ་བསྲེགས། ཡིད་ཀྱི་ཁྱེའུ་ཆུང་གིས་ཚིག་འཕྲོའི་མེ་མུར་དུ་བརྙབས་པ་ལ། མེ་ལའང་མ་འཚིག་པས་དཔའ་བོ་འབྲུ་ལྔར་བཏགས་པའི་བེའུ་བུམ་ཚིག་དུམ་སྤར་གང་ཐོབ་པ་ཞིག་ཏུ་ཨཱོྃ་རཾ་སྲུཾ་ཁཾ་ཡཾ་བཅས་གསལ་བར་བྱུང་། ཡིག་འབྲུ་དེ་དག་ཕྱི་ལྟར་ན་འབྱུང་ལྔ་དང་། ནང་ལྟར་ན་ཕུང་པོ་ལྔ། གསང་པ་ལྟར་ན་སྐུ་ལྔ་དང་ཡེ་ཤེས་ལྔའི་ས་བོན་དུ་འཇོག་ཅིང་། སྟོན་པ་སངས་རྒྱས་ཀྱིས་དཔའ་བོ་འབྲུ་ལྔ་ལས་འབྱུང་ལྔ་རང་རང་ཁམས་དང་མཐུན་པའི་སྒྲ་གདངས་དབང་གིས་འཕྲུལ་ཡིག མདོ་ལུང་གཟེར་མིག③ལྟར་ན་སུམ་ཅུ་སོ་བརྒྱད་སྤྲོས་ཏེ། ཡིག་ལྷ་འཕྲུལ་བུ་ལ་གསུངས་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཐམས་ཅད་གཏན་ལ་ཕབ། སངས་རྒྱས་ཁོང་གིས་བཟོ་དང་མངོན་པའི་རིག་པ། གསོ་བ་རིག་པ། སྒྲ་དང་ཚད་མ་རིག་པ། ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེན་ལྔ་གསུངས་པ་ལས་འཕྲུལ་ཡིག་དེ་ཉིད་རང་གི་ངོ་བོའི་དབང་དུ་བྱས་ན་སྒྲ་རིག་པའི་ཁོངས་དང་། མཚོན་བྱེད་ཡིག་གཟུགས་དབང་དུ་བྱས་ན་བཟོ་རིག་ལས་གྲུབ་པའི་ཁོངས་གཏོགས་སོ། །
བོད་རྒྱལ་སྲོང་བཙན་སྒམ་པོ་དང་སྐུ་དུས་མཉམ་པའི་ཞང་ཞུང་སྤྱི་རྗེའི་ཐ་མ་ལིག་མི་རྐྱ་ལྡེ་བུ་དང་། ཁོང་གི་མེས་པོ་རྒྱལ་རབས་རྣམས་ཀྱིས་སྲིད་དབང་ཐད་ལ་བདེ་སྤྱོད་གནང་ཞིང་། ད་ལྟ་ཐོབ་རྒྱལ་གསར་བ་དཔལ་ལྡན་སྨན་རི་གླིང་དུ་བཞུགས་ཡོད་པའི་ལིག་མི་རྐྱ་ལྡེ་བུ་ཁོང་གི་ཕྱག་ཐམ་དུ་གསལ་བའི་ཞང་ཞུང་ཡིག་རྒན་འདིའི་རྨང་གཞིའམ་བྱུང་ཁུངས་དངོས་ནི། སངས་རྒྱས་གཤེན་རབ་མི་བོས་མཛད་པའི་སྤུངས་ཡིག་ཡིན་པར་ལོ་རྒྱུས་ཡོངས་གྲགས་ཡིན་ཞིང་། བོན་གཞུང་ནང་དུ་སྤུངས་སོའི་ཡི་གེ་ཆེ་ཆུང་གཉིས་ལས། ཞང་ཞུང་ལོ་ཙཱ་བ་རྣམས་ཀྱིས་སྨར་ཡིག་ཆེ་ཆུང་གཉིས་སོགས་སུ་བསྒྱུར་བར་གསུངས་ཀྱང་། ཞང་ཞུང་གི་མཁས་པ་གང་ཞིག་ཡིན་པའི་མཚན་ནི་དེ་སྔོན་ཁ་གསལ་འདོན་ཐུབ་པར་མ་བྱུང་། གཞན་ཡང་ཞང་ཞུང་ཤེས་རིག་གི་ཆུ་རྒྱུན་ལས་གྱེས་པའི་རྒྱ་གར་ཐེག་ཆེན་སྡེ་བའི་མཁས་གྲུབ་རྣམས་ཀྱིས། རྒྱ་གར་སྤྱི་ཚོགས་ཁྲོད་དུ་རྒྱུན་ལྡན་ཁ་སྐད་ལ་བཀོལ་མྱོང་མེད་ཀྱང་། གདེང་འཇོག་དང་ཆེ་བ་འདོན་ཆེད་ཐེག་ཆེན་གཞུང་ལུགས་ཐད་ལ་བེད་སྤྱོད་གནང་བིའ་ལེགས་སྦྱར་སྐད་ཡིག་ལཉྩ་དང་ཝརྟུ་གཉིས་ནི། སྤུངས་ཡིག་ཆེ་ཆུང་གཉིས་ལ་གཞིར་བཅོལ་ནས་གྱེས་ཚུལ་ངག་རྒྱུན་ལ་བཤད་སྲོལ་ཡོད་པ་འདི་ལའང་རྒྱུ་མཚན་མེད་པ་ཅིག་གཏན་ནས་མ་ཡིན་སྙམ།
སྤྱིར་ཞང་ཞུང་གི་སྐད་ལ་སྨར་གྱི་སྐད་དང་། དར་མའི་སྐད། གུ་གེའི་སྐད་སོགས་མང་བ་བཞིན། ཡིག་གཟུགས་ལའང་གོང་བསྙད་ཡིག་རྒན་དང་སྨར་ཆེ་ཆུང་སོགས་ཡོད་པ་ལས་སྨར་ཆེན་དང་སྨར་ཆུང་གཉིས་ཡང་། སྤུངས་ཡིག་ལ་གཞིར་བཅོལ་ནས་བྱུང་བར་སྔ་རབས་མཁས་པ་རྣམས་ཀྱིས་གསུངས་ཡོད་པ་དང་། སྨར་ཆེ་ཆུང་གཉིས་རྨང་གཞིར་བྱས་ནས་བོད་ཡིག་དབུ་ཅན་དང་དབུ་མེད་གཉིས་གྲུབ་པར་བཞེད་པ་མ་ཟད།④དེ་དང་བོད་ཀྱི་འཕྲུལ་ཡིག་གི་གྲངས་དང་ཡིག་ཚུགས་ཀུན་ལ་ནན་ཞིབ་ཀྱིས་བརྟགས་ན་ཅིས་ཀྱང་མ་བུ་བྱུང་ལུགས་གསལ་བོར་ངེས་ཤེས་སྐྱེ་ཐུབ་པ་ཡིན་ནོ། །དོན་དངོས་ལོ་རྒྱུས་ཀྱི་རིན་ཐང་མི་དཔོག་ཀྱང་། རྒྱ་གར་དང་སྟོན་པ་ཤཱཀྱའི་ཆོས་ལུགས་ལ་དག་སྣང་ཁོ་ནས་བཅིངས་པ་རྣམས་ཀྱིས། བོད་ཡིག་འདི་རྒྱ་གར་ལཉྩ་དང་ཝརྟུ་གཉིས་ལ་དཔེར་བླངས་ནས་ཐུ་མི་སམ་བྷོ་ཊས་གསར་གཏོད་གནང་བོ་འདོད་པ་བཞིན། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་ཀྱང་དེ་དང་མཚུངས་པར་བཤད་མོད། བོད་རྒྱལ་བཞི་བ་སོ་ཁྲི་བཙན་པོ་དང་མཚན་ཟུར་ཅུང་ཙམ་ཉེ་ཞིང་གཞུང་དེའི་དགོངས་དོན་ལྟར་ན་སྲོང་བཙན་སྒམ་པོའི་མེས་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་གཅིག་ཏུ་དགོངས་པར་སྙམ་པའི་ཁྲི་སོ་བུད་བཙན་པོའི་སྐུ་རིང་དུ⑤བོད་ཡིག་བྱུང་བའི་ལྟ་ཚུལ་གླེང་ཡོད་པ་འདི་དག་གིས། ད་ལྟ་དུས་རབས་ཉེར་གཅིག་པའི་ཞིབ་འཇུག་དཔྱད་རྩོམ་ཁྲོད་དུ་བོད་ཡིག་སྲོང་བཙན་ཡར་སྔོན་ལ་ཡོད་པའི་གནས་ལུགས་བརྩི་མཁན་ཡང་དེ་རིགས་སོགས་ལས་བྱུང་ཡོད་པ་གོ་བར་མ་ཟད། སྤྱི་ལོ་1124ལོར་སྐུ་འཁྲུངས་པའི་ཉང་ཉི་མ་འོད་ཤེར་ཁོང་གིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོར་གཞིགས་ན། ས་རབས་བཅུ་གཉིས་པའི་དུས་སྟོད་ལའང་བོད་ཡིག་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་ཡོད་པའི་ལྟ་ཚུལ་བདོག་པ་མངོན་དུ་གྲུབ། གང་ལྟར་དེ་སྔོན་ཉག་ཁྲིའི་དུས་སུ་བོད་ཤེས་པ་ཅན་བཅུ་གཉིས་རྣམས་རང་རང་མཁས་པའི་དཔེ་གཞུང་མཁས་པ་བརྒྱ་རྩ་བརྒྱད་བོད་དུ་གདན་དྲངས་ནས་ཞང་ཞུང་མཁས་པ་བརྒྱ་རྒྱ་བརྒྱད་བོད་དུ་གདན་དྲངས་ནས་ཞང་ཞུང་གི་རིག་གཞུང་མང་པོ་བོད་བསྒྱུར་གནང་ཚུལ་སོགས། བོན་པོའི་རང་གཞུང་དང་། དེང་རབས་བོན་ལ་ཞིབ་འཇུག་བྱེད་པོ་ཕལ་མོ་ཆེས་ཤེས་བྱེད་ལ་བཀོད་དེ་མ་གྲོས་གཅིག་མཐུན་གྱིས་དགོངས་བཞེད་གནང་ཡོད་དོ། །
མཐར་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་ཞང་ཞུང་བོད་འོག་ཏུ་བཅུག་པ་ནས་རིམ་པས། ཞང་ཞུང་མི་རིགས་རྣམས་གནས་གཞི་གཅིག་ལ་རྐང་ཚུགས་པར་དོགས་ནས་ཕྱོགས་སོ་སོར་ཁ་འཐོར་དགུ་འཐོར་དུ་བཏང་སྟེ། ཞང་བོད་སྐད་ཡིག་གཅིག་གྱུར་དང་། ཕྱོགས་མཚམས་ཀུན་ནས་སྲིད་དབང་སྲ་བརྟན་ཡོང་ཆེད། ཞང་བོད་ས་ཁུལ་གནད་ཆེ་བའི་ས་གནས་དང་རྒྱལ་མཚམས་ཀུན་ཏུ་བོད་ཀྱི་དམག་དཔོན་འགའི་སྐུ་འཁོར་ཁྱིམ་གཞི་དང་བཅས་པ་གནས་སྤར་མཛད་པའི་ཆབ་སྲིད་བྱ་འགུལ་སྤེལ་བའི་ཕྱིར་དང་། གནའ་རབས་ཞང་ཞུང་གི་དུས་རབས་ནང་དུ་ཤེས་རིག་ཡོན་ཏན་ཅན་དང་། དཔེ་གཞུང་ཡི་གེ་དང་བཅས་པ་ད་ལྟའི་སྤྱི་ཚོགས་བཞིན་ས་ཁྱབ་རྡོ་ཁྱབ་མིན་པ་ཉམས་རྒུད་འགྲོ་སླ་བས། ཤར་གླིང་ཤེས་རིག་གི་འབྱུང་གནས་ཞང་ཞུང་དང་དེའི་ཕུན་སུམ་ཚོགས་པའི་སྐད་ཡིག་དང་བཅས་པ་གསལ་ལ་མི་གསལ་མཐོང་ལ་མི་མཐོང་ལྟ་བུ་མིག་སྔའི་དུས་རབས་འདི་བྱུང་ངོ་།།
ཟུར་མཆན།
1.སངས་རྒྱས་གཤེན་རབ་མི་བོའི་དངོས་སློབ་འ་ཞ་གསང་ཐུབ་ཁོང་གིས། སྟོན་པ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་ལས། ཞང་སྐད་དུ། དམུ་རབ་ཝེར་རོ་སྤུངས་སོ་པ་ཏ་ཡ། བོད་སྐད་དུ། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་བའི་མདོ།
2.རྟག་གཟིགས་ལ་སྐབས་འགར་ཏ་ཟིག་ཅེས་འབོད་པའང་ཡོད་དེ། རྟག་གཟིགས་ལ་མཁས་པ། ཞེས་པའི་ཚིག་འདིའི་ཚབ་ཏུ། མདོ་གཟེར་མིག་ཤོག་ངོས་811ལས། ཏ་ཟིག་ལ་མཁས་པ་དམུ་ཚ་དྲ་ཧེ་པེ་དང་། ཁྲི་ཐོག་པར་ཙམ་དང་། འགུ་ཧི་ལི་སྤར་ཡ་དང་གསུམ་བྱུང་ངོ། །ཞེས་གསལ་བའོ། །
3.མདོ་གཟེར་མིག་ལས། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་དབུབ། །འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། །ཚེག་གིས་བར་ཕྱེ་མ་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་ར་སྟ། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་སོ། །
4.ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཀྱི་ཤོག་གྲངས་152ལས། བོད་ཀྱི་ཡི་གེ་ཡང་ཁྲི་སོ་བུད་བཙན་པོའི་རིང་བྱུང་བར་འདོད་པ་ཡང་ཡོད་དོ་ཞེས་གསུངས་སོ། །
5.གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་ལས། རྫོགས་པའི་སངས་རྒྱས་ཀྱིས་སྟག་གཟིགས་གི་སྤུངས་ཡིག་ཆེ་ཆུང་དུ་གསུངས། དེ་ལ་ཞང་ཞུང་གི་ལོ་ཙཱ་བ་རྣམས་ཀྱིས་སྨར་ཡིག་ཆེ་ཆུང་དུ་བསྒྱུར། བོད་ཀྱིས་བོད་ཡིག་རྫབ་བཤར་དུ་བསྒྱུར་ཅིང་། རང་རང་གི་ཡི་གེར་རང་རང་གིས་བསྒྱུར་ནས་ཀུན་ལ་ཁྱབ་པའོ། །