ལི་ཁེ་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་དམིགས་བསལ་གླེང་མོལ་ཚོགས་འདུར་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-22



         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེ་མོར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་བརྙན་ལམ་དམིགས་བསལ་གླེང་མོལ་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་དང་འབྲེལ། ཁེ་ལས་མཁས་ཅན་གྱི་འཐུས་མི་དང་ཕན་ཚུན་སྤེལ་རེས་ཀྱང་གནང་བ་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུས་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་50ལྷག་ཙམ་ནས་ཡོང་བའི་ཁེ་ལས་མཁས་ཅན་400ཙམ་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

        ལི་ཁེ་ཆང་གིས་གསུངས་དོན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། འགྲན་སློང་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་མང་དུ་མངོན་གསལ་དོད་པོ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད། ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་ཁག་གི་ཐུན་མོང་དང་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན་པས། རྒྱལ་ཁབ་ཁག་གིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་དང་། འབྲུ་རིགས་དང་ནུས་རྒྱུ་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་སྲུང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་ཤར་བགྲོད་སྲུང་སྐྱོང་བཅས་བྱེད་དགོས། མཐུན་སྒྲིལ་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གོ་ལ་ཅན་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ། ཕྱོགས་གཉིས་དང་ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀུན་ཕན་དོ་སྙོམས་དང་བསྟུན་མཁས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

        ལི་ཁེ་ཆང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཆེའི་ངང་སྤྱི་འདོམས། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པ་མཐའ་འཁྱོངས་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་རྒྱུན་གཏན་གྱི་བགྲོད་ལམ་ཐོག་གང་མགྱོགས་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དཔལ་འབྱོར་ལུགས་མཐུན་གྱི་བར་མཐོངས་སུ་འཁོར་སྐྱོད་ཐུབ་པར་བྱེད་པའི་འདེགས་སྐྱོར་གཙོ་བོ་ནི་ལས་ཞུགས་དང་ཟོག་གོང་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད། 2020ལོ་ཚུན་དུ། ང་ཚོས་ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཕོག་ཐུག་ཆེན་པོར་ཁ་གཏད་གཅོག་སྐབས་ལག་ལེན་བསྟར་བའི་སྲིད་ཇུས་དེ་གཞི་ཁྱོན་ཐད་ནས་ལུགས་དང་མཐུན་པ་ཞིག་ཡིན་པས། “ཞིང་ཆུ་ལེབ་གཏོང”བྱས་མེད་ལ། དངུལ་ལོར་འགྲེམས་ཐལ་ཤོར་བ་འགོག་རྒྱུར་ཆ་རྐྱེན་ཡང་བསྐྲུན་ཡོད། འདི་ལོའི་དབྱར་འབྲུར་ཐོན་འཕར་དང་ལོ་ལེགས་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། སྟོན་འབྲུ་ཐོན་སྐྱེད་ཀྱི་འཕེལ་ཕྱོགས་བཟང་བ། རྡོ་སོལ་དང་གློག་ཤུགས་མཁོ་སྤྲོད་བརྟན་པོ་ཐུབ་པ་བཅས་ལས་རྒྱལ་ནང་གི་ཟོག་གོང་འཁོར་སྐྱོད་བརྟན་པོ་ཐུབ་རྒྱུར་རྨང་གཞི་བཏིང་ཡོད་ལ། གོ་ལ་ཧྲིལ་པོའི་འབྲུ་རིགས་ནུས་རྒྱུའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་ཡང་ཕན་པ་ཐོབ་ཡོད། ཀྲུང་གོར་ཁྲོམ་རའི་བྱེད་པོ་དུང་ཕྱུར་1.6ཡོད་པ་དང་། མི་དམངས་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ་འདི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་གདིང་གཞི་ཆེ་ཤོས་དེ་ཡིན།

        ལི་ཁེ་ཆང་གིས་གསུངས་དོན། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་རེད། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ལའང་ཀྲུང་གོ་དགོས་མཁོ་ཡོད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་བ་དང་། རང་མོས་ཉོ་ཚོང་དང་དྲང་གཞག་ཉོ་ཚོང་མཐའ་འཁྱོངས་བྱས་ཏེ། ཕྱོགས་མང་དང་ས་ཁོངས་ཉོ་ཚོང་མཉམ་ལས་ཀྱི“འཁོར་ལོ”གཉིས་མཉམ་དུ་འཁོར་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་བཏོད་དེ། ཕྱི་རྒྱལ་ཁེ་ལས་ཁྲིམས་ལྟར་འདྲ་མཉམ་ངང་སྒོ་དབྱེའི་ཁྱབ་ཁོངས་ནང་ཞུགས་ཐུབ་པའི་འགན་ལེན་བྱས་ནས་དྲང་གཞག་འགྲན་རྩོད་ཁྲོད་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1