དུང་དཀར་གྲོང་ཚོས། ལོ་རྒྱུས་དང་འབྱུང་འགྱུར་བསྲུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 07-26



 

  

 ལོ་རྒྱུས་ཐོག་སྙན་པ་ཀུན་ཏུ་གྲགས་པའི་ཞང་ཞུང་རྒྱལ་རབས་དང་གུ་གེའི་རྒྱལ་རབས་ཀྱིས་གླང་ཆེན་ཁ་འབབ་རྒྱུག་ཁུལ་དུ་འོད་སྟོང་འཕྲོ་བའི་རིག་གནས་གསར་གཏོད་བྱས་ཤིང་། རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུང་དཀར་གྲོང་ཚོའི་ཕི་དབང་དུང་དཀར་གནའ་ཤུལ་ནི་གུ་གེ་རྒྱལ་རབས་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

 ལོ་ངོ་སྟོང་ཕྲག་རིང་། མི་རབས་ནས་མི་རབས་བར་གྱི་དུང་དཀར་གྲོང་ཚོའི་མང་ཚོགས་ཚོས་གནའ་ཤུལ་གྱི་འགྲམ་དུ་ཉིན་ལྟར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་གྱི་ཡོད། མང་ཚོགས་ཚོས་གནའ་ཤུལ་རང་ཉིད་ཀྱི་ཁྱིམ་གཞིས་ལྟ་བུར་བརྩིས་ནས་མིག་ལ་གཅེས་སྤྲས་བྱེད་པ་ལྟར་གཅེས་སྤྲས་བྱེད་ལ། གནའ་ཤུལ་སྲུང་སྐྱོང་དེ་ཚེ་གང་གི་ལས་འགན་ལ་བརྩི་མཁན་གུས་པར་འོས་པའི་མི་སྣ་ཡང་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་གནའ་ཤུལ་སྲུང་སྐྱོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་གྲགས་བཞིན་ཡོད།

 ཁོང་ཚོས་སྲུང་སྐྱོང་བྱེད་པ་ནི་ལོ་རྒྱུས་ཙམ་མ་ཡིན་པར་ང་ཚོའི་ཐུན་མོང་གི་འབྱུང་འགྱུར་སྲུང་སྐྱོང་བྱས་ཡོད།

 རིག་འཛིན་དབང་གྲགས་ཀྱི་ལས་འགན།

 ཕི་དབང་དུང་དཀར་ནི་བར་ཐག་ཉེ་བའི་གནའ་ཤུལ་གཉིས་ཀྱི་བསྡུས་མིང་ལ། དུང་དཀར་གྲོང་ཚོའི་ལས་སྒྲུབ་ཚོགས་ཆུང་གཉིས་ལས་མིང་བཏགས་པ་ཞིག་ཡིན། དེར་ལོ་1700ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་བོད་ལྗོངས་ཀྱི་ནུབ་རྒྱུད་ནས་ཤེས་རྟོགས་བྱུང་བའི་ལོ་རབས་ཆ་ཚང་ཤོས་ཀྱི་གནའ་ཤུལ་ཞིག་རེད། དེར་ཡོད་པའི་མཆོད་འབུལ་བྲག་ཕུག་མང་པོའི་ལྡེབས་རིས་སྒྱུ་རྩལ་གྱི་པིར་རྩལ་ཉམས་དགའ་ལ་གནའ་བོའི་ཉམས་འགྱུར་ཟབ་པས། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཡོད། ཕི་དབང་ཚོགས་ཆུང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་གསར་པའི་འགྲམ་དུ་ཡོད་པའི་ཕི་དབང་གནའ་ཤུལ་གྱི་རྒྱབ་ཏུ་རི་དང་མདུན་དུ་ཆུ་མོ་ཤང་ཤང་དུ་རྒྱུག་ཅིང་། བྲག་ཕུག་ཆེ་ཆུང་བསྡོམས་872ཡོད་ལ་ཐག་རིང་ནས་རྒྱང་ལྟ་བྱས་ཚེ་སྦྲང་ནོར་བུའི་ཚང་ལྟར་སྣང་།

 2002ལོར་རིག་དངོས་གནའ་ཤུལ་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། རྩྭ་མདའ་རྫོང་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱིས་ས་གནས་དེ་གའི་མང་ཚོགས་ཁྲོད་ནས་རིག་དངོས་སྲུང་སྐྱོང་བ་གདན་ཞུ་བྱས་ཤིང་། ལོ་74ལ་སླེབས་པའི་ཏང་ཡོན་རྒན་གྲས་རིག་འཛིན་དབང་གྲགས་གྲོང་ཚོའི་རིག་དངོས་སྲུང་སྐྱོང་བ་ཁག་དང་པོར་གྱུར།

 ལོ་མང་རིང་ཁོང་གིས་རི་སྟེང་དུ་ཆགས་པའི་བྲག་ཕུག་872ཚང་མར་རྒྱུས་མངའ་ཆེ། འདུ་ཁང་ལྷ་ཁང་ནས་ཡུལ་སྐོར་བར་སྣེ་ལེན་ཞུས་ཤིང་། ད་དུང་རྒྱ་ཡིག་དང་ལོ་རྒྱུས་རིག་གནས་ཀྱི་ཤེས་བྱ་རང་སྦྱོང་བྱས་ནས་ཐག་རིང་སྐུ་མགྲོན་ཚོར་རིན་པ་མི་དགོས་པར་བྲག་ཕུག་གི་ལོ་རྒྱུས་འགྲེལ་བཤད་རྒྱག་གི་ཡོད།

 ལོ་ཁ་ཤས་ནང་ཡུལ་སྐོར་བ་ཉིན་བཞིན་མང་དུ་ཕྱིན་པས། རིག་འཛིན་དབང་གྲགས་ཀྱི་ལས་འགན་ལྕི་རུ་སོང་། ཡུལ་སྐོར་བ་མང་བའི་སྐབས་སུ། ཡུལ་སྐོར་བ་དང་མཉམ་དུ་རིར་ཐེངས་15འཛེགས་དགོས་པས། ལོ་70ལ་སླེབས་པའི་བགྲེས་སོང་ཞིག་གི་ངོས་ནས་བརྗོད་ན། ལས་སླ་པོ་ཞིག་ག་ནས་ཡིན། དེར་བརྟེན་ཁོང་གིས་རྩམ་པ་དང་ཇ་བསྲུབས་མ་ཁྱེར་ནས་ཉིན་གང་རིར་བསྡད་དེ་ཡུལ་སྐོར་བར་སྣེ་ལེན་ཞུ་ཡི་ཡོད།

 གསར་འགོད་པས་བཅར་འདྲི་བྱེད་པའི་སྐབས་སུ་ཡུལ་སྐོར་བ་ཁག་གཅིག་འབྱོར་ནས་རི་སྐོར་ལ་འཁྲིད་རོགས་ཞེས་བརྗོད་སོང་། གསར་འགོད་པས་མི་གཞན་བཏང་ན་མི་འགྲིག་གམ་ཞེས་བརྗོད་སྐབས། བགྲེས་སོང་གིས“ད་ལོ་ང་རྒན་ཡོལ་ཞུ་མཁན་ཡིན་པས་མ་ཕྱིན་ན་འགྲིག་ཐབས་མེད”ཅེས་བརྗོད་བཞིན་དུ་ཡུལ་སྐོར་བ་ཚོ་དང་མཉམ་དུ་རི་ལམ་ལ་བཞུད།

 པད་མ་དབང་རྒྱལ་གྱི་སྙིང་རུས།

 2002ལོ་ནི་རིག་འཛིན་དབང་འདུས་ཀྱི་ངོས་ནས་བརྗོད་ན། དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་རེད་ལ། པད་མ་དབང་རྒྱལ་གྱི་ངོས་ནས་བརྗོད་ནའང་དེ་ལྟར་རེད། ལོ་38ནས་ད་བར་ཁོང་དུང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས།

 ལོ་ངོ་20ཡི་རིང་། པད་མ་དབང་རྒྱལ་གྱིས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོ་གཞན་གྱི་སྒྲུབ་དཀའ་བའི་ལས་ཀ་སྟེ་གནའ་ཤུལ་ནང་གི་གནའ་བོའི་སྐྲུན་དངོས་ལ་དཀར་རག་བྱུགས་པའི་ལས་དོན་བསྒྲུབས།

 ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་རག་བྱུག་རྒྱུ་ནི་ལས་སླ་པོ་ཡིན། གླང་ཆེན་ཁ་འབབ་ནས་དབོར་བའི་དཀར་རག་ནང་རྒྱུ་ཆ་གཞན་བསྲེས་ནས་བསྐོལ་རྗེས་བྱུགས་ན་འགྲིག འོན་ཀྱང་། དཀའ་ལས་ཁག་ཤོས་ནི་གྱང་ལ་དམར་རྩི་བྱུག་རྒྱུ་དེ་ཡིན། དུང་དཀར་གྲོང་ཚོར་ས་དམར་མེད་པས་ས་ཆ་གཞན་ནས་ཉོ་བར་འགྲོ་དགོས་པ་དང་ས་དམར་ཐོན་ཡུལ་གྱི་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་བྱེད་ཆེད། ལོ་རེར་ས་ཆ་རེ་བརྗེ་དགོས་པས་ཧ་ཅང་དཀའ་ངལ་ཆེན་པོ་ཡོད།

 ལོ་ལྟར་ས་དམར་ཉོ་བའི་དུས་འཆར་རིམ་བཞིན་པད་མ་དབང་རྒྱལ་ལ་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ཁོང་རྩྭ་མདའ་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་བསྐྱོད་མྱོང་བ་མ་ཟད། ཐ་ན་རྟག་ཏུ་སྤུ་ཧྲེང་རྫོང་དུ་ཡང་བསྐྱོད་དགོས་ཀྱི་ཡོད། འོན་ཀྱང་ས་དམར་རྙེད་ཀྱང་ས་གནས་མང་ཚོགས་ཀྱིས་མོས་མཐུན་བྱས་ན་གཞི་ནས་དབོར་ཆོག་པ་དང་ས་ཆ་ཁག་གཅིག་ཏུ་དངུལ་སྤྲད་ནས་ཉོ་བའང་ཡང་ན་འབྲུ་དང་བརྗེ་པོ་རྒྱག་གི་ཡོད། ལོ་ལྟར་ས་དམར་དང་བརྗེ་པོ་བརྒྱབ་པའི་འབྲུ་རིགས་རྒྱ་མ་500ཚང་མ་མང་ཚོགས་ཀྱིས་རང་འགུལ་ངང་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད།

 བྱ་བཟང་སྒྲུབ་ཐེངས་གཅིག་སྒྲུབ་པ་ལས་སླ་པོ་རེད། འོན་ཀྱང་། ལོ་20རིང་བྱ་བ་བཟང་པོ་སྒྲུབ་དགོས་ན་དངོས་འབྲེལ་ཁག་པོ་ཡོད། མི་གཅིག་གིས་བྱ་བཟང་སྒྲུབ་པར་ལས་སླ་ནའང་། གྲོང་ཚོའི་ཡུལ་མི་ཚང་མས་མཐའ་འཁྱོངས་སྒྲུབ་དགོས་ན་ཧ་ཅང་ཁག་པོ་ཡོད།

 འདི་ལྟ་བུའི་སྙིང་རུས་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་མཆིས།

 ཟླ་བ་རྒྱལ་པོའི་བདེ་སྐྱིད།

 གྲོང་ཚོའི་ལམ་མདོར་ཡོད་པའི་རིག་དངོས་སྲུང་སྐྱོང་བ་དང་སྤ་སེ་འཚོང་མཁན་ཟླ་བ་རྒྱལ་པོས་ཕི་དབང་གནའ་ཤུལ་ལ་ལྟ་བར་ཡོང་མཁན་ཚོར་སེམས་རྩ་འཁོལ་པོའི་ངང་རླངས་འཁོར་ཡག་པོ་འཇོག་ཏུ་བཅུག་ནས་ལྟ་སྐོར་བྱེད་སྐབས་ཀྱི་དོ་སྣང་ནང་དོན་ངོ་སྤྲོད་བྱེད་ཀྱི་ཡོད།

 ཟླ་བ་རྒྱལ་པོའི་ངོ་གདོང་ལས་སྐྱིད་པའི་འཛུམ་མདངས་འཕྱུར་བཞིན་མཆིས། ཁོང་ལ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཡོང་འབབ་ཕུད། རིག་དངོས་སྲུང་སྐྱོང་བ་དང་སྤ་སེ་འཚོང་བའི་ལས་ཀ་ནས་ལོ་ལྟར་གླ་ཆ་སྒོར་ཁྲི་4ཙམ་ལེན་རྒྱུ་ཡོད། 2018ལོར་རང་ཉིད་ཀྱིས་དངུལ་སྒོར་ཁྲི་4ལས་གཏོང་དགོས་མ་བྱུང་བར་སྨི་ངོས་གྲུ་90ཡོད་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་གསར་པར་སྤོ་ཐུབ་པ་དང་ན་ནིང་སླར་ཡང་གྲོང་ཚོར་ཇ་ཁང་ཞིག་བཙུགས་པས་ཚོང་ཧ་ཅང་ཡག་པོ་ཡོད།

 “སྤ་སེ་འཚོང་བ་ཕུད་ངས་ཉིན་ལྟར་ཞོགས་པ་དང་ཕྱི་དྲོར་རིར་སྐོར་གཡེང་བྱས་ཏེ་རིག་དངོས་སྲུང་སྐྱོང་བ་གཞན་དང་འདྲ་བར་གནའ་ཤུལ་གྱི་གཙང་སྦྲ་དང་བདེ་འཇགས་ཞིབ་བཤེར་གྱི་འགན་འཁུར་གྱི་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་གཅེས་སྤྲས་ཡག་པོ་བྱེད་ཀྱི་ཡིན”ཞེས་ཟླ་བ་རྒྱལ་པོས་གསར་འགོད་པར་བརྗོད། 

 གྱིང་ངེར་གནས་པའི་ཕི་དབང་གནའ་ཤུལ་གྱི་འདབས་སུ་གྲོང་ཚོ་དང་མི་ཚོགས་ཀྱིས་ཁེངས་པ་དང་། ཚ་ཟེར་ཉི་འོད་ཁྲོད་འདུ་ཁང་ལྷ་ཁང་གི་གྱང་དམར་པོ་དེ་བས་བཀྲ་མདངས་འཚེར་ལ། བྲག་ཕུག་ནང་གི་ལོ་ངོ་སྟོང་གི་ལྡེབས་རིས་ལས་གནའ་ཉམས་ངང་གིས་མངོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1