སེར་ཤུལ་ནས་ནོར་གནག་ཐོན་ལས་སྐོར་ནས་ལས་ཀ་འདི་འདྲ་བསྒྲུབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས། སྤེལ་དུས། 07-28







སེར་ཤུལ་རྫོང་སྲིད་གྲོས་ཀྱིས་འབྲོག་ལས་ཐོན་ལས་ལ་ཆེད་དོན་ལྟ་ཞིབ་བྱས་ཏེ་ཐབས་འདོན་ཇུས་འབུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བ། 

 

        ཉེ་ཆར་སེར་ཤུལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུའུ་ཞའོ་ལིན་གྱིས་སྲིད་གྲོས་ཚན་ཁག་གི་ཁོངས་མི་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི།ཁུལ་དང་རྫོང་ཁག་གཅིག་གི་ཨུ་ཡོན་བཅས་་སྣེ་ཁྲིད་དེ་གཞི་རིམ་དུ་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ལྟ་ཞིབ་བྱས་པ་རེད།

        རྟོག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་སེར་ཤུལ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་དཔེ་སྟོན་ཁུལ་དུ་ཕེབས་ནས། དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ནོར་གནག་རྟེན་གཞི་དང་སེར་ཤུལ་རྫོང་གི་དེང་རབས་ནོར་གནག་ཐོན་ལས་ཀྱི་རྨང་གཞི་སོགས་སུ་བསྐྱོད་དེ་སྙན་ཞུ་ཉན་པ་དང་ཡུལ་དངོས་ལ་རྟོག་ཞིབ་བྱས།

 

        རྟོག་ཞིབ་གནང་སྐབས་ཨུ་ཡོན་ཚོས་རྫོང་ཨུ་སྲིད་གཞུང་གིས་སེར་ཤུལ་འབྲོག་ལས་རྫོང་ཆེན་གྱི་དོན་དངོས་དང་བསྟུན་ནས་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྫོང་དེ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་འབྲོག་ལས་ཚན་རིག་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་འབྲོག་ལས་རྫོང་ཆེན་གྱི་ཐོན་ཁུངས་ལེགས་ཆ་དེ་འབྲོག་ལས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི་མ་རྩའི་ལེགས་ཆར་རིམ་བཞིན་བསྒྱུར་ཏེ་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་གསོན་ཤུགས་ཆེན་པོ་སྦྱིན་པ་དང་། རྫོང་ཨུ་སྲིད་གཞུང་གིས་སྐྱེ་ཁམས་ཉམས་ཞན་གྱི་ཞན་ཆ་དེར་དམ་པོར་དམིགས་ནས་རང་གྲབས་མ་དངུལ་དང་གོང་རིམ་རྣམ་གྲངས་མ་དངུལ་བརྩོན་ལེན་ཟམ་མི་ཆད་པར་བྱས་ནས་རྒྱབ་སྐྱོར་བྱ་རྒྱུ་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དམངས་ཡོངས་ཀྱིས་རྩྭ་འདེབས་པ་དང་སྐྱེ་ཁམས་སླར་གསོ་ཚོད་ལྟ་སོགས་ཀྱི་ལས་དོན་རབ་དང་རིམ་པ་ཧུར་ཐག་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་དང་གཅིག་མཚུངས་ཡོང་བ་བྱས་ཡོད།

        ཨུ་ཡོན་ཚོས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སླ་བ་དང་སླར་གསོ་བྱེད་དཀའ་བ་དེ་ནི་ཡུན་རིང་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་ལ་ཡུན་རིང་སྲུང་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། སྐྱེ་ཁམས་་ཁོར་ཡུག་སྲུང་སྐྱོང་ཐད་མི་ཚང་མར་འགན་འཁྲི་ཡོད་པ་དང་།མི་ཚང་མས་མཉམ་སྐྲུན་བྱེད་པ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སླར་གསོ་བྱེད་བཞིན་དུ་གཏོར་བཤིག་གཏོང་བའི་སྣང་ཚུལ་ཐོན་རྒྱུ་ནན་འགོག་བྱེད་དགོས། ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བར་ཡུལ་བབ་དང་བསྟུན་པ་དང་།འཚོལ་ཞིབ་བྱེད་བཞིན་དུ་ཕྱོགས་བསྡོམས་བྱེད་པ།ཕྱོགས་བསྡོམས་བྱེད་བཞིན་དུ་ཁྱབ་སྤེལ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།སེར་ཤུལ་གྱི་འཕེལ་རྒྱས་དོན་དངོས་དང་མཐུན་ཞིང་།ཚན་རིག་དང་མཐུན་པར་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད་དགོས། 

  


        ཨུ་ཡོན་ཚོས་རྗེས་མའི་འགན་འཁྲི་སྒྲུབ་སྐབས་སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་གལ་ཆེན་ངེས་པར་དུ་འདོན་སྤེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་དམངས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་ཏེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས་གཏོང་ཆེད་བློ་གྲོས་ཀྱི་སྐད་ཆ་མང་ཙམ་ཤོད་པ། དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདིང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་། ངེས་པར་དུ་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་བསྒྱུར་བཅོས་གོང་སྤེལ་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཀྱི་བྱ་གཞག་ཡར་ཐོན་སོགས་ཀྱི་ལས་དོན་ཁག་ནང་ཏང་ཨུད་དང་སྲིད་གཞུང་གིས་དམངས་ལ་ཕན་པ་དང་དམངས་ཕྱུག་བཅས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། ལས་ཀའི་བྱེད་ཐབས། ལས་ཀའི་ཕན་འབྲས་བཅས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་རྒྱ་ཆེའི་མང་ཚོགས་རྣམས་གལ་ཆེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1