ཟླ་7ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཛའ་ཞིང་བརྩེ་བའི་རྣམ་པའི་ཁྲོད་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དང་། དེ་བཞིན་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་ཕྱོགས་ཡོངས་དང་གཏིང་ཟབ་པོའི་སྒོ་ནས་དགོངས་འཆར་བརྗེ་རེས་གནང་བ་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པའང་གྲུབ་པ་རེད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཁྱེད་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་པའི་རྗེས་སུ་ཀྲུང་གོ་ཕྱོགས་ནས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་གཙོ་བདག་དང་པོ་དེ་རེད། དེ་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་ལྡན་པ་མངོན་ཡོད། ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་ཉིན་བཞིན་བརྟན་དུ་སོང་བ་དང་། ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག་མཉམ་ལས་བཅས“འཁོར་བཞི་མཉམ་འཁོར”གྱི་མཉམ་ལས་རྣམ་པ་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་འཛམ་གླིང་གི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་འབད་སྒྲུབ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་མཉམ་འབྲེལ་རང་འབད་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་པའི་དཔེ་མཚོན་བཏོད་ཡོད། ལག་ལེན་ལས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཕུགས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ནའང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་དང་ཟབ་མོ་ལྡན་པ་ཞིག་ཡིན་པ་ར་འཕྲོད་ཡོད། མིག་སྔར་ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱིས་ཀྱང་2045ལོར་རྒྱལ་ཁབ་བཙུགས་ནས་ལོ་བརྒྱ་འཁོར་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་འདོད་ཡོད་པ་དང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་འཕེལ་རྒྱས་དུས་མཚམས་འདྲ་བ་སྟེ། ཐུན་མོང་གི་ཁེ་ཕན་གཅིག་ལ་གཅིག་འབྲེལ་དང་། འདུ་ཤེས་དང་འགྲོ་ལམ་གཅིག་ལ་གཅིག་མཐུད། མདུན་ལམ་དང་ལས་དབང་གཅིག་ལ་གཅིག་ཐུག་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་ཡོངས་ཁྱབ་ཀྱི་རེ་སྒུག་ཅིག་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་པ་ལས་དགའ་བ་དཔག་མེད་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་དེ་སྤྱི་འདོམས་སུ་བྱས་ཏེ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་བརྟན་དུ་བཏང་ནས་ཕན་ཚུན་གཉིས་པོས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་། ཕན་ཚུན་གཉིས་པོས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ། ཕར་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས། ཅ་དབན་མྱུར་བགྲོད་ལྕགས་ལམ་དུས་བཀག་ལྟར་སྤུས་ཚད་མཐོ་པོས་སྐྲུན་ཐུབ་པའི་བརྩོན་ལེན་དང“ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”སོགས་མཉམ་ལས་རྣམ་གྲངས་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ནུས་ཤུགས་ཡོད་རྒུས་ཧིན་རྡུ་ཉི་ཞི་ཡའི་ས་ཁོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡའི་ཚོང་ཟོག་བོང་ཆེན་དང་ཞིང་ཞོར་ཐོན་རྫས་སྤུས་ལེགས་མུ་མཐུད་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་དང་པེ་ཅ་ལི་མན་ཏན་བཟོ་ལས་གླིང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། མ་དངུལ་མཉམ་བསྡུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་འདོད་ཡོད།
ཙུའོ་ཁོ་ཡིས་གསུངས་དོན། ངས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབྱུང་འགྱུར་ཀྲུང་གོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུའི་དམིགས་ཚད་གལ་ཆེན་གཏན་འཁེལ་བྱས་ཡོད། ཕན་ཚུན་དབར་གྱི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བྱུང་བ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་དབར་གྱི་མཉམ་ལས་ཡག་པོ་ལས་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་མཚོན་གྱི་ཡོད། དེ་ས་ཁུལ་དང་འཛམ་གླིང་གང་ཞིག་གི་ངོས་ནས་བརྗོད་ནའང་དྲང་ནུས་ཤིག་རེད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ས་ཁུལ་ཞི་བདེ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་ཀྱི་མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་དང་འབྲེལ། དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་འགྲུལ་ལམ་གྱི་གྲོས་འདོན་ཡི་གེ་དང་། “གོ་ལ་ཧྲིལ་པོའི་མཚོ་ཐོག་འདེགས་གནས”བསམ་ཚུལ་གྱི་འབྲེལ་ཡོད་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་བསམ་ཤེས་དྲན་ཐོ། དེ་བཞིན་རིམས་འགོག་སྨན་ཁབ་དང་། ལྗང་མདོག་འཕེལ་རྒྱས། དྲ་རྒྱའི་བདེ་འཇགས། རྒྱ་མཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་རེད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུའོ་ཁོ་དང་ཁོང་གི་སྐུ་ཟླ་དབྱི་ལི་ཡཱ་ནཱ་ལ་དགོང་མོའི་གསོལ་སྟོན་བཤམས་པ་རེད།
ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཞུགས་པ་རེད།