ཉེ་ཆར་སི་ཁྲོན་མཛོད་དགེའི་མཐོ་གྲང་བརླན་སའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་རི་ཐང་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་སྒོ་བྱང་བཀལ། དེས་སི་ཁྲོན་དུ་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་རྟེན་གཞི་གལ་ཆེན་ཞིག་གསར་དུ་བསྣན་པ་རེད། མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཡོད་ས་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཡིན་པ་དང་། ས་ཁོངས་དེ་གྲང་ཁུལ་བར་མའམ་བརླན་གཤེར་བར་མའི་གནམ་གཤིས་ཁོངས་སུ་གཏོགས་པས་རྒྱལ་ནང་གི་ཆེས་ཆེ་བའི་མཐོ་གྲང་ན་འདམ་བརླན་ས་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཆུ་ཁུངས་གསོ་སྐྱོང་ཁུལ་དང་སྐྱེ་དངོས་ཀྱི་སྣ་ག་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན། ས་ཁོངས་དེའི་མཚོ་འཕགས་ལ་སྨི་3485དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་1.4དང་། ལོ་རེའི་ཆར་འབབ་ཚད་ཧའོ་སྨི་749ཡིན་ཞིང་། གཙོ་བོ་རི་མཐོའི་འདམ་སོལ་ས་གཞི་དང་རི་མཐོ་བར་མ། མཐོ་གྲང་སྤང་ཐང་ཡིན།
མཐོ་གྲང་སྐྱེ་ཁམས་མ་ལག་གིས་གོ་ལ་ཡོངས་ཀྱི་གནམ་གཤིས་དང་ས་ཆ་ཁ་ཤས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་དང་རྩྭ་སའི་ཐེག་ཚད་ལས་བརྒལ་ནས་ཕྱུགས་རིགས་འཚོ་བ། ཡུར་བུ་འདྲུ་བ་སོགས་མིའི་རིགས་ཀྱི་བྱ་སྤྱོད་ཀྱི་གནོན་ཤུགས་འོག །རྩྭ་ས་ཞན་འགྱུར་དང་ས་ཞིང་བྱེ་འགྱུར་བཅས་ནི་ས་ཁོངས་དེའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་དུ་གྱུར་པ་དང་། བྱེ་འགྱུར་གྱིས་ས་ཆ་ཐང་རྒོད་ཅན་དུ་འགྱུར་ཚུལ་ཇེ་ཆེ་དང་། རྩྭ་སའི་གཞི་ཁྱོན་ཇེ་ཆུང་། ཆུ་གནས་ཇེ་དམའ། བརླན་སའི་རྒྱ་ཁྱོན་ཇེ་ཆུང་། སྐྱེ་དངོས་སྣ་མང་རང་བཞིན་ཇེ་ཆུང་དུ་ཕྱིན་པ་སོགས་སྐྱེ་ཁམས་བདེ་འཇགས་ཀྱི་གནད་དོན་མངོན་གསལ་དུ་གྱུར་པར་བརྟེན། སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་པ་རེད། 2011ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གནས་དེ་རུ“ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མཐོ་སྒང་གི་སྐྱེ་ཁམས་འཕེལ་རྒྱས་དང་འབྲོག་ལས་ཚན་རྩལ་ཞིབ་འཇུག་དཔེ་སྟོན་རྟེན་གཞི”བཙུགས་ཏེ། མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བསྐྲུན་པར་རྨང་གཞི་བཏིངས། 2020ལོར་མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དེ་རྒྱལ་ཁབ་ཀྱི་རི་ཐང་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་ལེགས་འདེམས་འཛུགས་སྐྲུན་མིང་ཐོར་ཚུད་པ་དང་། 2021ལོར་མཛོད་དགེའི་ཚན་རིག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚིགས་དངོས་སུ་བསྐྲུན་རྒྱུའི་ཆོག་མཆན་ཐོབ།
མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ནི་མཐོ་སྒང་ས་ཁུལ་གྱི་ཚན་རིག་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག །དཔེ་སྟོན། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རིག་ཞིབ་འཇུག་གི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། མི་རིགས་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བ་དམིགས་སུ་འཛིན། རྩྭའི་རིག་པ་དང་། སྐྱེ་ཁམས་རིག་པ། འབྲོག་ལས་རིག་པ། སྐྱེ་དངོས་རིག་པ་སོགས་རིག་ཚན་སྤེལ་མའི་ཚུལ་གྱིས་མཐོ་གྲང་སྤང་ཐང་དང་བརླན་སའི་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་རིག་པ་དང་། སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད། རྩྭ་ས་དང་འབྲོག་ལས་ཀྱི་འགག་རྩའི་ལག་རྩལ་གཅིག་བསྡུས་དཔེ་སྟོན་བཅས་ཞིབ་འཇུག་ཁྱབ་ཁོངས་ཆེན་པོ་གསུམ་གྲུབ་པ་དང་། མཐོ་གྲང་བརླན་སའི་སྐྱེས་ཁམས་མ་ལག་གི་སྒྲིག་གཞི་དང་། བརྒྱུད་རིམ་དང་བྱེད་ནུས་ཞིབ་འཇུག །མཐོ་གྲང་སྤང་ཐང་སྐྱེ་ཁམས་མ་ལག་གིས་ཕྱུགས་འཚོ་སྐྱོང་ལ་འགོག་རྐྱེན་ཇི་ལྟར་བཟོ་བའི་ཞིབ་འཇུག་དང་། ས་མཐོའི་རྩི་ཤིང་གི་སོན་རིགས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད། འབྲི་གཡག་དང་བོད་ལུག་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་སོགས་ཞིབ་འཇུག་ཁ་ཕྱོགས་བཅུ་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཁབ་སྐྱེ་ཁམས་ས་ཚིགས་12ལ་བརྟེན་ནས་ཐཱན་འདུས་ལངས་གཟུགས་ལྟ་ཞིབ་ཚད་ལེན་གྱི་ཚན་རིག་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། ས་ཚིགས་12ཁྲོད་ནགས་ཚལ་ས་ཚིགས་8དང་། བརླན་སའི་ས་ཚིགས་4ཡོད་ཅིང་། དེའི་ནང་བརླན་སའི་ས་ཚིགས་གསུམ་ནི་མཚོ་འགྲམ་གྱི་བརླན་སའི་ས་ཚིགས་ཡིན་པ་དང་། མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་འཇལ་ཞིབ་འཇུག་ས་ཚིགས་ཁོ་ན་ནི་མཐོ་གྲང་སྐམ་སའི་བརླན་སའི་ས་ཚིགས་ཡིན་པ་རེད། མཛོད་དགེའི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་ཐཱན་འདུས་ལངས་གཟུགས་ལྟ་ཞིབ་ཚད་ལེན་བསྐྲུན་རྗེས། ཧུང་ཡོན་རྫོང་དང་རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་བཅས་དང་། དེ་མིན་རྒྱལ་ཡོངས་ཀྱི་ཐཱན་སྙོམས་འགྱུར་དམིགས་འབེན་མངོན་འགྱུར་ལ་ཚད་ལེན་དངོས་ཀྱི་གཞི་གྲངས་དང་ཚན་རྩལ་གྱི་འདེགས་སྐྱོར་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐཱན་སྲུང་སྐར་ལའང་ས་ངོས་ཀྱི་བདེན་སྤྲོད་དང་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་ངེས། །