ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཅིག་པའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-01



 

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཅིག་པའི་ཐོག་ནན་བཤད་གནང་དོན།

 

དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

 ■ དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དམག་དོན་མི་སྣའི་ནུས་པ་དང་བྱང་ཚད་དང་། གྲུབ་ཆའི་བཀོད་ཇུས། གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བཅས་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱས་ནས་རང་རྒྱལ་གྱི་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་སྐྲུན་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་བསྟར་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོཌ་འདུའི་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་འདེཌ་སྐྱོར་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས།


          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་ཀྱི་ཟླ་7ཚེས་28ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཅིག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དམག་དོན་མི་སྣའི་ནུས་པ་དང་བྱང་ཚད་དང་། གྲུབ་ཆའི་བཀོད་ཇུས། གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བཅས་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱས་ནས་རང་རྒྱལ་གྱི་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་སྐྲུན་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་བསྟར་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས།

        དམག་དོན་ཚན་རིག་ཁང་དམག་དཔུང་གི་ཆབ་སྲིད་ལས་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་བློ་མཐུན་ཧྲེན་ཀྲི་ཧྭ་ཡིས་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།

        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་ལམ་གཙོ་བོ་དེ་ཤེས་ལྡན་མི་སྣར་བརྟེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བསྐྱར་གསོ་བྱེད་པ་དང་། དམག་ཆེད་མི་སྣ་གསོ་སྐྱོང་བྱེད་པའི་སྟོན་ཕྱོགས་གསལ་པོ་བཟོ་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་བཀོད་པ་ལེགས་སུ་གཏོང་བ། མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣའི་ཁྱབ་ཁོངས་སྒོ་དབྱེ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་ཤུགས་ཆེན་པོ་བཏོན་པས་རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་འདི་ཉིད་ཟང་ཟིང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པས། རང་རྒྱལ་གྱི་བདེ་འཇགས་དུས་བབ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་ལོ་5ཡི་རིང་། རང་རྒྱལ་དམག་དཔུང་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ནི་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་རེད། སེམས་ཁྲལ་གྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཡར་བརྩོན་གྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དོན་ལས་རིགས་ཀྱི་ཁྱད་ཆོས་དང་དམག་དོན་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཤེས་ལྡན་མི་སྣའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་དགོས་མཁོ་དང་འཚམ་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཐོག་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རྟོག་ཞིབ། བེད་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པའི་མིའི་ལག་ཏུ་དབང་ཆ་འཛིན་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་བྱེད་པ་དེ་ཤེས་ལྡན་མི་སྣའི་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་དམག་འཁྲུག་གི་རྣམ་པར་འགྱུར་ལྡོག་འགྲོ་བའི་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་བསྙེགས་ཏེ་དམག་གྲབས་དང་དམག་རྒྱག་ཤེས་ལྡན་མི་སྣའི་མཁོ་སྤྲོད་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་ཀྱི་ཚན་རྩལ་དང་ལྷག་པར་དུ་དམག་དོན་གྱི་ལག་རྩལ་མཐོ་བའི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ཤེས་རྟོགས་བྱེད་ནུས་དང་། གསར་གཏོད་བྱེད་ནུས། བཀོལ་སྤྱོད་བྱེད་ནུས་བཅས་ཆེ་རུ་བཏང་སྟེ་ཚན་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་བར་བརྟེན་ནས་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་གཏིང་ཟབ་བྱས་ནས་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གཅིག་སྡུད། གསོ་སྐྱོང་། བེད་སྤྱོད་སོགས་ཕྱོགས་ཁག་གི་སྒྱུར་བཅོས་གསར་གཏོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་པའི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་། དང་ཐོག་སློབ་གླིང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ནས་རང་རྒྱལ་གྱི་དམག་དོན་སློབ་གླིང་དང་སློབ་གྲྭ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་དགོས། ལས་འགན་གལ་ཆེན་དང་འཐབ་རྩོད་ཀྱི་འཐབ་ས་དང་པོར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་རྟོགས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། དམག་དོན་མི་ཤུགས་ཐོན་ཁུངས་དོ་དམ་གསར་གཏོད་དང་། རིགས་ཁག་གི་མི་སྣའི་ལས་རིགས་འཕེལ་རྒྱས་ཀྱི་ཐབས་ལམ་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད།  གནད་སྨིན་སྙོམས་སྒྲིག་བཅས་བྱས་ནས་རྒྱུན་རྣམ་དང་གོ་རིམ་ལྡན་པའི་ངང་སྤེལ་རེས་བྱེད་དགོས། ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཚན་རིག་དང་མཐུན་པའི་གདེང་འཇོག་དང་། དྲང་ཕྱོགས་སྐུལ་ལྕག འདེགས་སྐྱོར་འགན་ལེན་སོགས་ཀྱི་ཐད་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་དགོས། དམག་དོན་ལས་རིགས་ཀྱི་ལེགས་ཆ་ཆེ་ཙམ་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་མ་ལག་གྲུབ་པ་དང་། སྲིད་ཇུས་དང་ལམ་ལུགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་ལམ་ལུགས་གསར་རྙིང་བརྗེ་སྒྱུར་དང་འབྲེལ་མཐུད་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།

        ཞི་ཅིན་ཕིང་གིས། རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པར་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། དམག་དཔུང་དང་ས་གནས་དབར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དམག་དོན་གྱི་དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། འཆར་འགོད་འབྲེལ་མཐུད་དང་། སྲིད་ཇུས་འབྲེལ་མཐུད། ལས་དོན་འབྲེལ་མཐུད་བཅས་ཡག་པོ་བྱས་ནས་རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་དེ་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལས་དོན་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་སེམས་ཁུར་བྱས་ནས་འབྲེལ་ཡོད་སྲིད་ཇུས་བཟོ་བ་དང་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཐད་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། དམག་མིའི་ནང་མི་མཉམ་དུ་ལས་ཞུགས་དང་། བུ་ཕྲུག་སློབ་གྲྭ་དང་བུ་བཅོལ་ཁང་དུ་སྐྱོད་པ། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ། དམག་ཞབས་ཐིམ་པའི་དམག་མིའི་འགན་ལེན་སོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་རང་རྒྱལ་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་དེ་བས་ཡག་པོ་བསྒྲུབས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1