ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-01


ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་ཐོག 

རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་དང་འབད་འཐབ་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ། 

 

ཟླ་7ཚེས་29ཉིན་དང་ཚེས་30ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། 


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན་དང་ཚེས་30ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ནི་རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཏོན་ནས་ལོ་ངོ་100འཁོར་བའི་ལོ་ཡིན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་བའི་ལས་འགན་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། དུས་བསྟུན་མདུན་སྐྱོད་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ་སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་དང་འབད་འཐབ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།

        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ནུས་པ་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སྤྱི་འདོམས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པར་བརྟེན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་། འབད་འཐབ། གསར་གཏོད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོར་ལག་ལེན་ཁྲོད་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གཙོ་བོ་ནི་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཡག་པོ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ངེས་པར་དུ་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་པ། ངེས་པར་དུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ངེས་པར་དུ་ཀང་ཨའོ་ཐའེ་དང་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱིས་མི་སེམས་འགུགས་ཐབས་བྱེད་པའི་ནུས་པ་འདོན་སྤེལ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་པའི་ཆོས་ཉིད་ཁོང་དུ་ཆུད་པ། ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་གྲོས་སྙིང་བཅུད་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་མཆོག་ནོར་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། མི་སེམས་གཏད་ཕྱོགས་དང་སྟོབས་ཤུགས་བསྡུར་བ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཕམ་ཇི་ཡོང་གཏན་འཁེལ་བྱེད་པའི་འགག་རྩ་ཡིན་ལ། ཆབ་སྲིད་ཆེ་ཤོས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱ་རྒྱུ་དེ་ཡིན་པ་དང་ཐག་གཅོད་བྱེད་པ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། འགག་རྩ་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས་བྱས་ནས“མཐུན་སྒྲིལ--སྐྱོན་བརྗོད--མཐུན་སྒྲིལ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་གཅིག་མཐུན་རང་བཞིན་འཚོལ་ཞིབ་བྱས་ནས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཞིག་ཡིན་པས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ཐུབ་པའི་འགན་ལེན་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་ཚང་མས་ཐུན་མོང་ཐོག་བསྒྲུབས་ཏེ་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་གཙང་སྒྲུབ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་ཆེན་པོ་གཏོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཆ་འཐབ་ཕྱོགས་གཅིག་གྱུར་ལ་འཕྲད་པའི་དུས་བབ་དང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ལ་འགྱུར་ལྡོག་གལ་ཆེན་འགའ་ཞིག་བྱུང་ཡོད། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཏིང་ཟབ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ། རང་རྒྱལ་སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ཏང་གི་གྲལ་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ་བཅས་ཡོད། ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་འོས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོའི་ཐོག་ནས་ལས་དོན་ཡག་པོ་སྒྲུབ་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་མཐུན་སྒྲིལ་ལས་བྱུང་བ་དང་མཐུན་སྒྲིལ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ལས་དོན་དེ་ཡག་པོ་སྒྲུབ་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་བརྟན་སྲུང་དང་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བའི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་དགོས་ཤིང་། ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཏང་ཤོག་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ། དད་སེམས་མི་འདྲ་བ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་འོག་འཚོ་བ་སྐྱེལ་བཞིན་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱེད་དགོས། མངོན་མེད་གྲུབ་འབྲས་དང་གྲུབ་འབྲས་མངོན་གསལ་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ཏེ་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་དགོས་ཤིང་། མཛད་ཕྱོགས་སྲིད་ཇུས་ཀྱི་རྩ་དོན་རང་བཞིན་དང་ཁ་གཏད་གཅོག་ཐབས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་བྱེད་མཁས་པོ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་ལ། ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ལས་ཀའི་བྱེད་ཐབས་ལ་གཙིགས་ཆེན་བྱེད་དགོས། མཐུན་སྒྲིལ་དང་འཐབ་རྩོད་ཀྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་དགོས་ལ། འཐབ་རྩོད་བྱེད་མཁས་པོ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་སྲ་ཞིང་བརྟན་པའི་མཐུན་སྒྲིལ་ངོ་མ་ཡོང་བར་འབད་བརྩོན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྔ་རྗེས་སུ་འབྲེལ་ཡོད་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་ཡོངས་བསྒྲགས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་འཚོགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་བླང་བྱ་ཁ་གསལ་བཏོན་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དག་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་མང་མཉམ་ལས་དེ་བས་ཚད་ལྡན་དང་། གོ་རིམ་ལྡན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྩ་བར་འཛིན་པ་དང་རྒྱལ་གཅེས་འབད་འཐབ་དམིགས་ཚད་དུ་བྱས་ཏེ། ཁོང་ཚོས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས་བྱས་རྗེས་འཇོག་པ་དང་སྒྱུར་བཅོས་གསར་གཏོད་ཀྱི་འཐབ་ཕྱོགས་དང་པོར་ཧུར་ཐག་ཞུགས་ཏེ་འཇོན་ཐང་འདོན་པ་དང་ཕུགས་བསམ་ཆེན་པོ་སྒྲུབ་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ། ཁོང་ཚོར་རོགས་རམ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་ཞིག་བྱེད་དགོས། ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོར་ཤེས་རྟོགས་དང་ཀྲུང་ཧྭའི་མཛའ་གྲོགས་ཀྱི་སྟོབས་ཤུགས་ཆེན་པོ་སྐྱེད་སྲིང་བྱས་ཏེ། ཀྲུང་ཕྱིའི་རིག་གནས་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། ཏང་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ལག་པ་འགུལ་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་པ་དེ་ཡིན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་བསྒྲུབས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས། སྡེ་ཚན་ཁག་དང་ཚན་པ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཇུས་འདོན་དང་། རྩ་འཛུགས། མཐུན་སྦྱོར། ལྟ་སྐུལ་སོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཧུར་ཐག་གཏོང་བ་དང་། ལས་ཀའི་སྒྱུ་རྩལ་ལ་དང་དོད་བྱེད་པ། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས།

        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། གསུང་བཤད་ནང་ལོ་བརྒྱའི་རིང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་གྲུབ་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་ཀྱི་བསམ་བློ་དང་། རྩ་བའི་ལས་འགན། ལས་ཀའི་གཙོ་གནད། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་བ་རེད། དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་འགན་ཁག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

        དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གནང་བས། ལོ་རྒྱུས་ཀྱི་གསལ་རྟོགས་ནུས་པ་ཟབ་མོ་དང་། རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་ནུས་པ་གལ་ཆེན། ལག་ལེན་གྱི་མཛུབ་ཁྲིད་ནུས་པ་ཆེན་པོ་བཅས་ལྡན་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ་སེམས་ནུས་གཅིག་སྒྲིལ་བྱེད་དགོས། རེ་བ་སྟོང་ཟད་དུ་མི་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ། ཞན་ཆ་སེལ་བར་འབད་བརྩོན་དང་། འགན་འཁྲི་འཁུར་ཕོད་པའི་ཐད་མིག་དཔེ་འདོན་པ། ལས་དོན་སྒྲུབ་མཁས་པོ་བྱེད་པའི་ཐད་བསམ་བློ་གཏོང་བ་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་དང་། འབད་འབུངས། གསར་འབྱེད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་ཀའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དོན་དངོས་དང་བསྟུན་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1