ལི་ཐང་ཉེན་རྟོག་ཕྱོགས་ཀྱིས་སོག་ཆུའི་ནང་ལྷུང་བའི་མི་2བསྐྱབས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-02



 

     སྤྱི་ཟླ་7ཚེས་30ཉིན་སི་ཁྲོན་ལི་ཐང་གི་གཞུང་ལམ་J460འགྲམ་སྣ་དུམ་བུར་འགྲིམ་འགྲུལ་དོན་རྐྱེན་ཞིག་ཐོན་པ་དང་། ཡུལ་སྐོར་བ་གཉིས་རླངས་འཁོར་དང་ལྷན་དུ་སོག་ཆུའི་ནང་ལྷུང་ཡོད་པ་རེད། དོན་རྐྱེན་ཐོན་ནས་སྐར་མ་ཁ་ཤས་སོང་རྗེས་ས་གནས་དེ་གའི་ལམ་འགྲུལ་མང་ཚོགས་གྱིས་གནས་ཚུལ་དེ་ཏག་ཏག་མཐོང་བ་མ་ཟད་དུས་ཐོག་ལ་སྤྱི་བདེ་ཅུས་ལ་ཉེན་བརྡ་བཏང་བ་རེད། ལི་ཐང་རྫོང་སྤྱི་བདེ་ཅུས་དགེ་བསྙེན་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་སྲོག་སྐྱོབ་ཐག་པ་གྲ་སྒྲིག་ཡག་པོ་བྱས་ཏེ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད།


 

     དོན་རྐྱེན་ཐོན་ཡུལ་དུ་འབྱོར་རྗེས། གཞོགས་འདེགས་ཉེན་རྟོག་པ་དགེ་ལེགས་བཀྲ་ཤིས་ཆུའི་ནང་འཛུལ་ཏེ་སྲོག་སྐྱོབ་ཐག་པ་རླངས་འཁོར་གྱི་སྒོ་སྒྲོམ་ཐོག་བཏགས་ནས་ཚེ་སྲོག་གི་རོགས་སྐྱོབ་ལམ་ཐིག་ཅིག་བསྐྲུན་པ་མ་ཟད། སྐར་མ་5ཙམ་གྱི་དུས་ཚོད་ནང་ཉེན་རྟོག་པ་གཞན་དག་དང་ལྷག་བསམ་ཆེ་བའི་མང་ཚོགས་ཀྱི་རོགས་རམ་འོག གཞོགས་འདེགས་ཉེན་རྟོག་པ་དགེ་ལེགས་བཀྲ་ཤིས་ཀྱིས་རླངས་འཁོར་ནང་ལུས་ནས་རྨས་སྐྱོན་ཕོག་པའི་བུད་མེད་ཡུལ་སྐོར་བ་འཁུར་ནས་བདེ་བླག་ངང་ཆུ་འགྲམ་དུ་བསྐྱལ་ཡོད། དེ་ནས་མུ་མཐུད་ཡུལ་སྐོར་བ་གཞན་ཞིག་དང་ཁྱི་ཕྲུག་གཅིག་ཡང་དུས་ལྟར་ཉེན་ཁ་ལས་སྐྱོབ་ཡོད།

 


     དགེ་བསྙེན་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཤད་པར་གཞིགས་ན། རླངས་འཁོར་ནང་བཙིར་གནོན་ཐེབས་དབང་གིས་བུད་མེད་ཡུལ་སྐོར་བའི་མགོ་བོ་དང་སྐེད་པར་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད། ཡུལ་སྐོར་བ་གཉིས་ཉེན་ཁ་ལས་ཐར་རྗེས་མྱུར་སྐྱོབ་རླངས་འཁོར་གྱིས་གཅིག་རྗེས་གཉིས་མཐུད་ངང་ཁོང་གཉིས་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་ཡུལ་སྐོར་བ་གཉིས་ཁྲེང་ཏུའུ་ནས་ལི་ཐང་དུ་ཡུལ་སྐོར་དུ་འོང་བ་དང་། རླངས་འཁོར་གྱི་མྱུར་ཚད་མགྱོགས་དྲགས་པའི་ཁར་ལམ་ཀྱོག་དང་འཕྲད་པས་ཁ་ལོ་བས་བཀོལ་སྤྱོད་ཡག་པོ་མ་བྱུང་བའི་རྐྱེན་གྱིས་རླངས་འཁོར་ཆུའི་ནང་དུ་ལྷུང་བ་རེད། མིག་སྔར་རྨས་མ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1