༄༅།།ཁྲོ་ཐུང་ཉ་ཚ་ཨ་བརྟན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 08-03


གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

    གླུ་ཕ་རྒྱུད་ནམ་མཁའ་སྟོང་བའི་གླུ། །

    སྟོང་བའི་གླུ་ཞིག་མི་ལེན་ཏེ། །

    ནམ་མཁའ་མཐའ་དབུས་མེད་པའི་གླུ། །

      མ་རྒྱུད་ཆུ་བོ་གཞུང་འབྱངས་གླུ། །

   འབྱམས་ཟད་གླུ་ཞིག་མི་ལེན་ཏེ། །

   ཆུ་བོ་རྒྱུད་ཆད་མེད་པའི་གླུ། །

   རང་རྒྱུད་རྩ་རླུང་འཕྲུལ་འཁོར་གླུ། །

   འཕྲུལ་བའི་གླུ་ཞིག་མི་ལེན་ཏེ། །

   རྩ་དབུ་མ་འགགས་པ་མེད་པའི་གླུ། །

   ས་འདིའི་ས་ངོ་མ་ཤེས་ན། །

   གཡག་ལ་སེར་པོའི་ཡར་སྟེང་ལ། །

   དལ་ཆུང་ཁེར་སྐྱེས་ཡར་གཤམ་ན། །

   ཆུ་ལུང་ན་ཐང་སྔོ་ཆུ་ཟེར། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   གླིང་སྟོད་གསེར་པ་མཆེད་བརྒྱད་ལ། །

   སྡེ་ཡང་འཁོར་སྟག་རོང་དུག་མཚོ་ཡོད། །

   མཁར་བཙན་པོ་ཕོ་རོག་སྙིང་རྫོང་ན། །

   གླིང་ཆེ་རྒྱུད་སྟག་མོ་ཐང་གང་ལ། །

   འཛུམ་དྲུག་ངོམ་ངེས་ཨ་བརྟན་ཡིན། །

   གསེར་འཕྲུ་ཆགས་པའི་རུ་འདྲེན་ཡིན། །

   དཔུང་པ་གཡོན་པའི་ཤ་རྒོད་རེད། །

   རྐང་ཆུང་གཡོན་པའི་ངར་རྒོད་གདོང་ཡིན། །

   ཁྲ་ཆུང་གཡོན་པའི་ཨ་འབྲས་ཡིན། །

   བྱང་སྒོ་སྲུང་བའི་དཔའ་བོ་ཡིན། །

   རང་ཆེ་མ་ཡིན་སྲིད་པས་བཀོད། །

   ཁོ་རེ་ཧོར་སེར་ཤན་པ་བཞི། །

   ཡང་སྒོས་སྟོང་ཤོང་འབྲུག་སྒྲ་བུ། །

   ཡང་དག་པའི་གླུ་ལ་ཚུར་ཉོན་དང་། །

   མེ་ཕོ་འབྲུག་གི་སོས་ཀ་ནས། །

   ས་ཕོ་རྟ་ཡི་དཔྱིད་ཀའི་བར། །

   ཧོར་གླིང་མི་ཚེ་སྡིག་ལ་བསྐྱལ། །

   ཤི་བསད་གཉིས་ཀྱི་ལས་ལ་སྦྱངས། །

   ཧོར་དཀར་ཆགས་པའི་ཁྲི་བཙུན་གཅིག །

   གུར་སེར་པོའི་ནང་གི་བཅུད་དང་གཉིས། །

   མགར་སྡེ་བའི་དཔྲལ་པའི་མིག་དང་གསུམ། །

   སྙིང་ཁྲག་ས་ལ་ཕོ་ནས་ཐལ། །

   དེ་དུས་འབྲུག་སྒྲ་གང་ལ་སོང་། །

   གཡས་ཤོག་ཟི་ལ་ཆམ་ལ་ཕབ། །

   གཡོན་རུའི་ཐང་ནག་རྩིས་ལ་ཕབ། །

   རི་པའི་ཅོག་དམར་ཁྲག་ལ་བསྒྲེས། །

   དེ་དུས་འབྲུག་སྒྲ་གང་ལ་སོང་། །

   བྱེས་འགྲོའི་ཁ་དམར་མཐའ་ལ་འཕངས། །

   ཟི་ར་ཐོག་རྒྱལ་གསོན་སྙིང་བླངས། །

   ཐང་ནག་རྩེ་རྒྱལ་དམར་གསོད་བྱས། །

   འབལ་ཆེན་གྲུ་གུ་གཡས་ལ་བསྒྲིལ། །

   ནམ་མཁའ་སྦར་ཟིན་ས་ལ་བརྡབས། །

   གུང་རྗེ་གཡུ་ཡག་དོང་ལ་བྲུབ། །

   དེ་དུས་འབྲུག་སྒྲ་གང་ལ་ཡོད། །

   འབུམ་དམག་དཔུང་བའི་དྭངས་རྩེ་རྣམས། །

   གཅིག་མེད་གཉིས་མེད་རྩ་བ་ཕུད། །

   དེ་དུས་འབྲུག་སྒྲ་གང་ལ་སོང་། །

   མ་ཤི་གསོན་ལ་བསྡད་པས་ཀྱང་། །

   རྒྱལ་པོ་གུར་དཀར་འཕྱི་ཁུང་གབ། །

   ཤན་པ་རྨེ་རུའི་ཡ་ཐོད་ཤོར། །

   མཆོང་ལྷ་སྨུག་པོ་ཝ་བྲོས་བརྒྱབ། །

   གླང་པོ་ཁྲ་འབར་ལུང་གཞུང་བྲོས། །

   དེ་དུས་འབྲུག་སྒྲ་མ་ཚོར་ལགས། །

   འབུམ་དམག་བཅུ་གཉིས་དྭངས་རྩེ་ལ། །

   རྒོད་ཡང་དག་རྒྱང་སྙན་ཐོས་པའི་མི། །

   ཐང་རྩེ་གཡུ་འབྲུག་ཁོ་ཙམ་ཡིན། །

   དེ་མིན་བུ་མོ་ཤ་སྟག་རེད། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   མི་མཁས་པ་རྒྱ་བོད་བར་ན་གྲགས། །

   མཁས་རྟགས་ལག་གིས་བླངས་པས་ཡིན། །

   ཕོ་རྒོད་གནམ་སའི་བར་ན་གྲགས། །

   རྒོད་ཡང་དག་ལག་གི་བླངས་རྟགས་ཡིན། །

   དགོན་ཆེན་བླ་མ་རྒྱང་གྲགས་ཆེ། །

   བྱིན་རླབས་མེད་ན་འདྲ་འདྲ་ཡིན། །

   རི་ཁྲོད་སྒོམ་ཆེན་རྒྱང་གྲགས་ཆེ། །

   ཉམས་རྟོགས་མེད་ན་འདྲ་འདྲ་ཡིན། །

   སྡེ་ཆེན་དཔོན་པོ་རྒྱང་གྲགས་ཆེ། །

   བཀའ་དྲིན་མེད་ན་འདྲ་འདྲ་ཡིན། །

   དམག་ཁྲ་བོའི་རྒོད་པོ་རྒྱང་གྲགས་ཆེ། །

   སྙིང་སྟོབས་མེད་ན་འདྲ་འདྲ་ཡིན། །

   ཁོ་རེ་སྟོང་ཤོང་འབྲུག་སྒྲ་ཁྱོད། །

   འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །

   འབུམ་དམག་བཅུ་གཉིས་གཞི་དཀྱིལ་ན། །

   འབྲུག་སྒྲ་གསོན་ཉིན་ག་ན་ཡོད། །

   འབྲུག་སྒྲ་ན་ནིང་མིར་གྲགས་ནས། །

   ད་ལོ་འབྲུག་སྒྲ་ཁྱི་དང་འདྲ། །

   གླིང་དཀར་དཔའ་བརྟུལ་སུམ་ཅུ་འདིས། །

   ཧོར་འབུམ་སྒར་གྲོས་ཡོས་བརྔོ་བརྔོ་བྱས། །

   འབྲུག་སྒྲ་རྣ་བས་མ་ཚོར་ཨང་། །

   གནམ་ནས་བྱུང་ན་གཤོག་པ་རྐྱོངས། །

   ས་ནས་བུད་ན་སྡེར་མོ་སྟོན། །

   དེ་མིན་ན་ཧོར་པའི་ཤན་ཆུང་ཁྱོད། །

   རྐང་མཐིལ་རྡུལ་ལ་མི་རྩི་དོ། །

   དེ་རིང་ཉི་མའི་སྔ་དྲོ་ལ། །

   གླིང་དཀར་ཕུ་ནུ་སྤུན་བཞི་པོ། །

   གསོན་ན་མི་ཚེ་སྡིག་ལ་སྐྱེལ། །

   ཤི་ན་གཏམ་རྒྱུད་བོད་ལ་འཇོག །

   ཅི་མ་ཡིན་ལ་སྡོད་མི་མིན། །

   གླིང་སྐུ་རྗེ་ནོར་བུ་དགྲ་འདུལ་དཔོན། །

   མ་བཞུགས་ཡར་ཁམས་བྱང་ལ་བྱོན། །

   འཛམ་གླིང་ལྷོ་ཡི་དོན་ལ་རེད། །

   གེ་སར་རྒྱལ་པོའི་སྐུ་ཇུས་དེ། །

   གྲུ་བཞི་ལམ་མེ་མ་བཟུང་ན། །

   གླིང་དཔའ་བརྟུལ་སྲོག་དམར་མཉམ་དུ་གཏོང་། །

   དཔོན་ཇུས་ཤོར་བའི་གཡོག་པོ་དེ། །

   མགོ་གང་ཐོན་བྱས་ན་ངོ་ཚ་ཉོ། །

   ཚེ་གང་དཔོན་གོ་ཆོད་པ་དེ། །

   ཉིན་གང་གཅིག་ལ་དྲིན་ལན་དགོས། །

   གལ་ཏེ་ཕྱི་ནུར་བརྒྱབ་སྲིད་ན། །

   ཕོ་དེ་ལ་ཁྱི་མིང་མི་ཐོགས་རི། །

   སྙིང་ནག་གི་རྩ་བ་རུལ་བའི་རྟགས། །

   ཁ་གང་བལྟས་དེ་ལ་དེ་འདྲ་མཐའ། །

   ལ་གཞི་གླིང་དཀར་སྡེ་གཞིས་འདི། །

   མ་ཟིན་དཔའ་བརྟུལ་སུམ་ཅུ་པོ། །

   མི་གཅིག་ཀྱང་མ་ལུས་ཤི་ན་དགའ། །

   འགྱོད་པ་མེད་ངེས་གསེར་འབུམ་དཔང་། །

   དེ་རིང་མི་ནུས་ག་ལ་ཡོང་། །

   དང་པོ་ཁྱོད་རང་ཤན་པ་བཞི། །

   སྐྱེན་བསམ་ཡོད་ན་མདའ་མོ་འཕོངས། །

   རྣོ་བསམ་ཡོད་ན་མདུང་རྩེ་ངོམ། །

   ངར་བསམ་ཡོད་ན་མཚོན་སྔོན་གཡུགས། །

   ངེད་རང་ཚ་ཞང་སྤུན་བཞི་པོས། །

   གོ་བཙན་བཟུང་ནས་སྡོད་རྒྱུ་ཡིན། །

   དེ་མཐར་ཅི་དགོས་ཅི་ལྟ་བྱེད། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འབྲེལ་བ་ཞུ། །

   ཧོར་ཤན་པའི་ཐུགས་ལ་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1