ཕ་མཐའ་མི་མངོན་ལྔ་རིག་དགའ་ཚལ་ནས། །
རིག་གཞུང་འཚོལ་སྡུད་རིན་ཆེན་གླིང་ག་རུ། །
སྡེ་བཞིའི་ནོར་གྱིས་ཕྱུག་པའི་རྒྱལ་ཁམས་སུ། །
ཤེས་བྱའི་བང་མཛོད་གཏེར་གྱི་དྲྭ་སྒོ་འབྱེད། །
ཚན་རྩལ་རིག་གཞུང་ཡངས་པའི་ཐང་ཆེན་དུ། །
རྣམ་དཔྱོད་རིག་པའི་གོམ་སྟབས་ལེགས་སྒྱུར་ཏེ། །
གཞན་ཕན་ལས་ལ་གཞོལ་བའི་ལྷག་བསམ་གྱིས། །
བརྩོན་པའི་ཟློས་གར་ཉིན་མཚན་བར་མེད་བསྒྱུར། །
མེས་པོའི་ཤུལ་བཞག་རིག་གཞུང་འཚོལ་སྡུད་ཀྱིས། །
དེང་རབས་ན་གཞོན་གསར་པའི་བགོ་སྐལ་དུ། །
མངོན་སུམ་མཐོང་ཐོས་དྲན་པའི་གསོས་འདེབས་སུ། །
སྐལ་ལྡན་བློ་གསལ་ཚོགས་ལ་སྐྱེས་སུ་འབུལ། །
འཛམ་གླིང་ནོར་འཛིན་སྒེག་མོའི་ལྟེ་བ་ན། །
བྱང་ཕྱོགས་གངས་རིའི་མུ་འཁྱུད་ར་བ་རུ། །
ཇུས་བཟང་གསེར་གྱི་ཉི་གཞོན་འཆར་བ་ཡིས། །
རྣམ་མང་གཙུག་ལག་པད་དཀར་འདབ་བརྒྱ་གྲོལ། །
ཤེས་བྱའི་རྒྱ་མཐོངས་འཕྲུལ་ཤེལ་དྲྭ་ལམ་ནས། །
རྒྱ་བོད་རིག་གཞུང་ནོར་གྱིས་ལེགས་གཏམས་པའི། །
ཡོན་ཏན་དཔག་བསམ་འདོད་རྒུ་འབྱུང་པའི་གཞི། །
ངོ་མཚར་ལྟད་མོ་མིག་གི་དགའ་སྟོན་འགྱེད། །
མངོན་སུམ་གཟུགས་དང་ཡོངས་གྲགས་སྙན་པའི་སྒྲ། །
ངད་ལྡན་དྲི་མཆོག་བློ་སྟོབས་རྒྱས་པའི་རོ། །
ཡིད་འཕྲོག་རེག་བྱ་གསར་པའི་ཁྱད་པར་དག །
ཉེར་སྤྱོད་འདོད་ཡོན་རྣམ་ལྔའི་དཔལ་དང་ལྡན། །
དུས་བཟང་དཔྱིད་ཀྱི་ལང་ཚོ་དཔལ་ཡོན་ལ། །
ཇུས་བཟང་གཞན་གསོས་བུ་མོའི་མགྲིན་པའི་གདངས། །
མཐོ་གསུམ་ས་འཛིན་རྩེ་ནས་གྲགས་པ་འདིར། །
དོན་ལྡན་ཐོས་འཛིན་དཔལ་གྱི་བདུད་རྩིར་གྱུར། །
གངས་ལྗོངས་ཉི་གཞོན་འཆར་ཀའི་སྐྱེད་ཚལ་དུ། །
རྣམ་རིག་གཙུག་ལག་འདབ་བརྒྱའི་སྦུབས་གྲོལ་ཏེ། །
རིག་གཞུང་ཚར་དུ་དངར་བའི་ཟེའུ་ཕྲེང་ལས། །
རྣམ་དཔྱོད་རིག་པའི་ཟིལ་མངར་བཞེས་སུ་གསོལ། །
དུས་རབས་གསར་པའི་རིག་གནས་འཚོ་བའི བཅུད། །
མི་རིང་དུས་དང་བསྐལ་བ་སྐད་ཅིག་གིས། །
ཀུན་མཐོང་དྲྭ་བའི་ལམ་དུ་ལེགས་དྲོངས་ཏེ། །
ཅི་དགར་ལོངས་སུ་སྤྱོད་འདི་ཅིས་མི་སྤྲོ། །
གཟུགས་དང་ལང་ཚོ་འབྱོར་པ་མེད་ཀྱང་བླའི། །
རིས་མེད་ཕྱོགས་བྲལ་ཤེས་བྱ་ཀུན་གསལ་ཉིད། །
གྲོགས་སུ་བསྒྲན་པའི་སློབ་དཔོན་ཆེན་མོ་འདི། །
མི་ཚེའི་བཤུལ་ལམ་བགྲོད་པའི་འཚོ་ཐབས་ལགས། །
དྲི་མེད་རབ་དགའི་ཁ་བཏགས་དཀར་པོའི་མདངས། །
བདེ་ལེགས་ཚིག་གི་བཀྲ་ཤིས་རེ་ཁཱ་ལ། །
ལུགས་ཟུང་བླང་དོར་འབྱེད་པའི་རི་མོ་དང་། །
ཕན་བདེའི་ལྕགས་རིའི་ཁོར་ཡུག་ཀུན་ནས་བསྐོར། །
དེང་རབས་རིག་གནས་འཚོ་བཅུད་གསོས་འདེབས་སུ། །
སྲོལ་རྒྱུན་སྦྲང་རྩིའི་སྦྱར་བའི་བྲོ་བ་ཡིས། །
ལེགས་ཉེས་བླང་དོར་འབྱེད་པའི་མིག་སྦྱིན་པའི། །
རིག་གནས་ཚེ་སྲོག་བསྲིང་པའི་གསོས་སྨན་ལགས། །
རྣམ་དག་གངས་རིའི་ཕྲེང་བས་ཡོངས་སྐོར་བའི། །
རྣམ་མང་གཙུག་ལག་བཞད་པའི་དགལ་ཚལ་ནས། །
རྣམ་རིག་བསུང་ཞིམ་འཐུལ་བའི་ཁང་བཟང་དུ། །
རྣམ་དཀར་ཁ་བཏགས་དཀར་པོ་སྐྱེས་སུ་འབུལ། །
འཇིག་རྟེན་སྲིད་པའི་སྒྲོན་མེ་འདི་ལགས་ཏེ། །
དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུའང་འདི། །
འདི་ཕྱི་གཏན་བདེའི་རིག་པའི་རྩ་ལགས་ཀྱིས། །
ཤེས་བྱའི་དཀྱིལ་འཁོར་རྫོགས་པའི་གནས་ཆེན་ཡིན། །
ལུང་རིགས་སྨྲ་བའི་མེ་ལྕེ་གྱེན་ཕྱུར་ཏེ། །
སྙན་ངག་མཁས་པའི་ཚིག་རྒྱན་རང་བྱུང་བརྡོལ། །
ཆོས་སྲིད་ཟུང་གི་ལམ་བཟང་སྣང་བའི་དཔལ། །
སྲིད་པའི་སྒྲོན་མེ་ཆེན་མོ་འདི་ཡིན་ནོ། །