༄༅། །ཁྱེད་ཚོ་བཞུད་ཤུལ་དུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-23



ལོ་ཟླ་རྒས་ཟིན།

དུས་ཚིགས་དང་གཙང་པོ་མཉམ་དུ་བཞུར་སོང་།

ས་ཆེན་གྱི་སྙིང་ག་རུ་སིམ་པའི་རྣམ་ཤེས་དག

ལོ་རྒྱུས་ཀྱི་འོད་ངོགས་ནས་ནམ་ཡང་བརྗེད་མི་སྲིད།

དུས་རབས་འགྱུར་ཟིན།

དུས་ཚོད་དང་ཁ་བ་མཉམ་དུ་ཞུ་སོང་།

ལོ་རྒྱུས་ཀྱི་བྲག་སྐྱིབས་སུ་ཡིབ་པའི་རྒོད་པོའི་ཚོགས།

སྐལ་བའི་རུམ་ཁ་ནས་ནམ་ཡང་བོར་མི་སྲིད།

ནམ་ཟླ་འཁྱགས་ཟིན།

ལུག་ཁྱུ་དང་སེམས་པ་མཉམ་དུ་སྨྲེང་སོང་།

རྩྭ་ཐང་གི་བྲང་གཞུང་དུ་འཐིམས་པའི་གྲིབ་གཟུགས་དག

སྲིད་པའི་མིག་ཀོང་ནས་ནམ་ཡང་ཡལ་མི་སྲིད།

ཁྱེད་ཚོ་བཞུད་ཤུལ་དུ།

ས་ཆེན་གྱིས་ཁྱེད་ཚོ་བསྒོམས་བྱུང་།

ལོ་རྒྱུས་ཀྱིས་ཁྱེད་ཚོ་གྱེར་བྱུང་།

རྩྭ་ཐང་གིས་ཁྱེད་ཚོ་གླེང་བྱུང་བས།

ངས་ནམ་ཡང་ཁྱེད་ཚོ་དྲན་དགོས་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1