བོད་ལྗོངས་ཀྱི་ཇ་ཤིང་སྣ་ཁ་གསར་པར་ཞིབ་དཔྱད་ལམ་ལྷོངས་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 08-05


        ཉེ་ཆར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུའི་སྤྱི་བསྒྲགས》ནང་བོད་ལྗོངས་ཀྱིས་རེ་ཞུ་བྱས་པའི་ཇ་ཤིང་སྣ་ཁ་གསར་པ་དང་པོ“བོད་ཇ་ཨང་དང་པོར”ཞིང་ལས་དང་གྲོང་གསེབ་པུའི་ཞིབ་དཔྱད་ལམ་ལྷོངས་བྱུང་ནས་ཐོ་འགོད་བྱས་པ་དང་སྦྲགས་ཁྱབ་བསྒྲགས་བྱས་པ་རེད། ཇ་ཤིང་སྣ་ཁ་གསར་པ་དེ་འདེམས་གསོ་ལེགས་གྲུབ་བྱུང་བ་ལས། བོད་དུ་ས་གནས་དེ་གའི་ཇ་ཤིང་གི་སྣ་ཁ་མེད་པའི་སྟོང་ཆ་བསྐངས་ཡོད། མིག་སྔར“བོད་ཇ་ཨང་དང་པོའི”ལྟེ་བའི་དཔེ་སྟོན་གླིང་མུའུ་7.5བསྐྲུན་པ་དང་སྡོང་ཕྲུག་ཁྲི་2འདེབས་གསོ་བྱས་ནས་གོམ་སྟབས་རྗེས་མའི་སྡོང་ཕྲུག་སྐྱེ་འཕེལ་དང་གཞི་ཁྱོན་ལྡན་པའི་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར། ཉིང་ཁྲིའི་ཡིད་འོང་ཇ་རས་ཀོང་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཇ་ལོ་ཞིབ་འཇུག་ཁང་དང་མཉམ་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་སོན་བཟང་འདེམས་སྒྲུག་བྱས་པ་བརྒྱུད། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་ཡིད་འོང་ཇ་རར་བཏབ་པའི“བོད་ཀྱི་ཇ་ཞིང་དང་པོའི”ཇ་ཤིང་གི་སྣ་ཁ་མང་པོའི་ནང་ནས་ས་གནས་དེ་གའི་ཇ་ཤིང་གི་སོན་བཟང“བོད་ཇ་ཨང་དང་པོ”འདེམས་གསོ་བྱས་པ་རེད། སྣ་ཁ་གསར་པ་དེའི་རྩ་བ་ཡིད་འོང་ཇ་རར་ལོ་མང་སྐྱེ་འཚར་ཡག་པོ་བྱུང་བས་ས་མཐོའི་ས་ཁོངས་སུ་འཚམ་མཐུན་རང་བཞིན་དང་ལྡོག་འགོག་རང་བཞིན་བཟང་པོ་ལྡན་ཡོད་པར་བརྟེན་བོད་ཀྱི་ཇ་ཐོན་ཁུལ་ཁག་ཏུ་གཞི་ཁྱོན་ཆེན་པོས་བཏབ་ན་འཚམ་པོ་ཡོད་པ་རེད། “དེ་ཐོག་ནས་བོད་དུའང་རང་སོ་སོའི་ཇ་ཤིང་གི་སྣ་ཁ་ཡོད་པ་མ་ཟད། གསོན་ཚད་དེ་བས་མཐོ་རུ་ཕྱིན་ནས་བོད་ཀྱི་ཇ་ཤིང་འདེབས་འཛུགས་ཀྱི་མ་གནས་དམའ་རུ་ཤུགས་ཆེན་ཕྱིན་ཡོད་པ་མཚོན་ཐུབ”ཅེས་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཚན་རྩལ་མི་སྣ་མའོ་ཅོན་གྱིས་དེ་ལྟར་ངོ་སྤྲོད་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1