རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་སི་ཆེ་གྲས་ལ་ཁྲལ་བསྡུ་དགོས་པའི་འབོད་སྐུལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-05



      ཞིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མིག་སྔའི་ནུས་རྒྱུའི་ཉམས་ཉེན་ཁྲོད་ནས་ཁེ་སྤོགས་འབོར་ཆེན་རག་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་སི་ཆེ་གྲས་ལ་ཁྲལ་བསྡུ་དགོས་པའི་འབོད་སྐུལ་གནང་བ་རེད།

      ཀུའུ་ཐེ་ལེ་སི་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་འབྲུ་རིགས་དང་། ནུས་རྒྱུ། དངུལ་རྩའི་ཉམས་ཉེན་བཅས་ལ་ཁ་གཏད་གཅོག་པའི་ཚོ་ཆུང་གི་སྙན་ཞུ་ཡོངས་བསྒྲགས་ཚོགས་འདུའི་ཐོག རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་སིས་མིག་སྔའི་ནུས་རྒྱུའི་ཉམས་ཉེན་ཁྲོད་ནས་ཟིན་ཐོ་བཏོད་པའི་ཁེ་སྤོགས་ཐོབ་ཡོད་མོད། འོན་ཀྱང་ཆེས་དབུལ་བའི་མི་ཚོགས་དང་། སྡེ་ཁུལ། དེ་བཞིན་རང་བྱུང་ཁོར་ཡུག་བཅས་ཀྱིས་རིན་དོད་ཆེན་པོ་བཏང་བ་དེ“ཀུན་སྤྱོད་དང་མི་མཐུན་པ་ཞིག་རེད”ཅེས་བཤད་པ་རེད། ཁོང་གིས་འཛམ་གླིང་ཐོག་གི་ནུས་རྒྱུ་ཀུང་སི་ཆེ་ཤོས་ཀྱི་2022ལོའི་དུས་ཚིགས་དང་པོའི་སྤྱིའི་ཁེ་སྤོགས་ཨ་སྒོར་དུང་ཕྱུར་1000ཙམ་ཟིན་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཚད་བརྒལ་ཁེ་སྤོགས་ཐོབ་པའི་ནུས་རྒྱུ་ཀུང་སིའི་ལག་ནས་དཔྱ་ཁྲལ་ལེན་དགོས་པ་དང་། ཁྲལ་དངུལ་དེ་ཉམས་ཞན་གྱི་མི་ཚོགས་དཀའ་གནད་ལས་སྒྲོལ་རོགས་བྱ་རྒྱུའི་ཐད་སྤྱོད་དགོས་ཞེས་གསུངས་པ་རེད།

      ཀུའུ་ཐེ་ལེ་སིས་ད་དུང་རྒྱལ་ཁབ་ཁག་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནུས་རྒྱུ་གྲོན་ཆུང་དང་། སྤྱི་པའི་འགྲིམ་འགྲུལ་དར་སྤེལ། རང་བྱུང་གི་ནུས་རྒྱུ་ཐག་གཅོད་ཇུས་གཞི་སོགས་དོ་དམ་ནུས་རྒྱུའི་དགོས་མཁོར་སྐུལ་འདེད་གཏོང་བ་དང་འབྲེལ་མགྱོགས་མྱུར་གྱིས་བསྐྱར་སྤྱོད་ནུས་རྒྱུར་རིམ་སྤོར་བྱེད་དགོས་པའི་རེ་འབོད་གནང་བ་རེད།

      ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་ཐོན་རྗེས། ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་འབྲུ་རིགས་དང་། ནུས་རྒྱུ། དངུལ་རྩ་བཅས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ཚོ་ཆུང་བཙུགས་ནས། དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་ཁ་གཏད་གཅོག་ཐབས་འཚོལ་ཞིབ་བྱས་པ་རེད། ཉམས་ཉེན་ལ་ཁ་གཏད་གཅོག་པའི་ཚོ་ཆུང་དེའི་སྙན་ཞུ་ཐེངས་གསུམ་པ་ནུས་རྒྱུའི་ཉམས་ཉེན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1